རྨ་ལྷོ་འགོ་འཁྲིད་གཞོན་པས་རང་ལུས་མེ་སྲེག་སྐོར་འགྲེལ་བཤད།

བོད་མིས་རང་ལུས་ཞུགས་འབུལ་གནང་བའི་གནད་དོན་ཐད་ས་གནས་འབྲེལ་ཡོད་ཚན་པས་ཞིབ་འཇུག་བྱས་ཡོད་འདུག

2012.06.23

༄༅༎བོད་ཀྱི་མདོ་སྨད་རེབ་གོང་ཁུལ་དུ་ འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༤ ཉིན་རེབ་གོང་དགོན་ཆེན་གྱི་དགེ་འདུན་པ་འཇམ་དབྱངས་དཔལ་ལྡན་ལགས་དང༌། ཡང་ཚེས་ ༡༧ ཉིན་བསོད་ནམས་དར་རྒྱས་ལགས་གཉིས་ཀྱིས་རང་ལུས་ཞུགས་འབུལ་གནང་བའི་གནད་དོན་ཐད་  ས་གནས་འབྲེལ་ཡོད་ཚན་པས་ཞིབ་འཇུག་བྱས་ཡོད་ཀྱང༌། ད་བར་དོན་རྐྱེན་དེ་དག་གི་རྒྱབ་ཏུ་ངན་སྐུལ་བྱེད་མཁན་ཡོད་པའི་དཔང་རྟགས་གང་ཡང་ཐོན་མེད་པའི་ངོས་ལེན་བྱས་འདུག

དེ་ཡང་འདི་ཚེས་ ༢༢ ཉིན། རྒྱ་ནག་གཞུང་འབྲེལ་ཤིན་ཧུའ་གསར་འགྱུར་ལས་ཁང་གིས་ མདོ་སྨད་རྨ་ལྷོ་ཁུལ་གྱི་འགོ་འཁྲིད་གཞོན་པ་ ཀླུ་མཁར་ཚེ་རིང་ཟེར་བས་བཤད་པའི་སྐད་ཆ་ལུང་འདྲེན་གྱིས་གནས་ཚུལ་ཞིག་སྤེལ་བའི་ནང༌།  རེབ་གོང་དགོན་ཆེན་གྱི་དགེ་འདུན་པ་འཇམ་དབྱངས་དཔལ་ལྡན་གྱིས་རང་ལུས་ཞུགས་འབུལ་གནང་དགོས་པའི་རྒྱུ་མཚན་ཇི་ཡིན་འདྲི་རྩད་བྱས་པར། ཁོང་ནས་རང་ཉིད་སེམས་སྐྱིད་པོ་མ་བྱུང་བར་དེ་ལྟར་བྱས་ཡིན་ཞེས་ལན་འདེབས་བྱས་ཡོད་པ་ལས། དེ་ལས་གཞན་པའི་རྒྱུ་མཚན་ཡོད་པ་ས་གནས་འགོ་འཁྲིད་ཚོས་ཤེས་རྟོགས་བྱུང་མེད་སྐོར་དང༌།  ཡང་བསོད་ནམས་དར་རྒྱས་ལགས་ཀྱིས་རང་ལུས་ཞུགས་འབུལ་གནང་བ་ནི།  ཁོང་ལ་བཟའ་ཟླ་གཉིས་ཡོད་པར་བརྟེན། ཁྱིམ་ཚང་ནང་མ་འཆམ་པ་བྱུང་སྟེ། སྒེར་གྱི་དཀའ་ངལ་གྱིས་རྐྱེན་པས་རང་ལུས་མེ་བསྲེག་བཏང་སྟེ་མཐར་འདས་གྲོངས་སུ་གྱུར་བ་ཡིན་པ་ལས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཁག་གིས། ཁོང་གཉིས་ཀྱིས་རང་ལུས་མེ་བསྲེག་བཏང་བའི་རྒྱུ་མཚན་ནི། བོད་ནང་རྒྱ་ནག་གི་དབང་འཛིན་མེད་པ་བཟོ་ཐབས་དང༌། ཏྭ་ལའི་བླ་མ་བོད་དུ་ཕྱིར་ཕེབས་ཐུབ་པ། དེ་བཞིན་བོད་ཀྱི་རིག་གཞུང་སྲུང་སྐྱོབ་སོགས་ལ་དམིགས་པ་ཡིན་པའི་སྐོར་ཤོད་ཀྱི་ཡོད་པ་དེ་དག་ནི་གཞི་རྩ་མེད་པའི་སྐད་ཆ་ཡིན་པའི་སྐོར་དང༌།  ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ བསོད་ནམས་དར་རྒྱས་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་སྐབས། ས་གནས་བོད་མི་སྟོང་ཕྲག་བདུན་ཙམ་མཉམ་འཛོམས་བྱུང་ཡོད་པའི་གནས་ཚུལ་རྒྱང་བསྲིང་བྱས་པ་ཡང་བདེན་པ་ཆགས་ཀྱི་མེད་པ་ནི། སྐབས་དེར་མི་མང་གསུམ་བརྒྱ་ཙམ་ལས་འདུ་འཛོམས་བྱུང་མེད་སྐོར། རྨ་ལྷོ་ཁུལ་གྱི་འགོ་འཁྲིད་གཞོན་པ་ཀླུ་མཁར་ཚེ་རིང་གིས་འགྲེལ་བརྗོད་བྱས་ཡོད་པའི་གནས་ཚུལ་བཀོད་པ་དང་ཆབས་ཅིག་   ཡང་ཤིན་ཧུའ་གསར་འགྱུར་ལས་ཁང་གིས་སྤེལ་བའི་གནས་ཚུལ་དེའི་ནང༌། བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་བོད་ནང་རང་ལུས་མེ་བསྲེག་གཏོང་བའི་ལས་འགུལ་དེ་དག་མཚམས་འཇོགས་ཡོང་ཐབས་ཀྱི་འབད་བརྩོན་བྱེད་རྒྱུའི་ཚབ་ཏུ། དེ་ལྟར་བྱེད་མཁན་རྣམས་རྒྱལ་གཅེས་དཔའ་བོ་ཡིན་པར་ངོས་འཛིན་གྱིས་སྨོན་ལམ་གསོག་སྒྲུབ་བྱེད་ཀྱི་ཡོད་རེད་ཅེས་སྐྱོན་བརྗོད་ཡང་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཡིས་དིང་རི་སླར་གསོ་བསྐྱར་སྐྲུན་དང་མཉམ་མཐའ་མཚམས་བརྟན་ལྷིང་གླེང་བར་གནད་དོན་དབྱེ་ཞིབ་པས་རྒྱ་ནག་གཞུང་གིས་གནོད་ཐེབས་ས་ཁུལ་གྱི་བསྐྱར་གསོའི་ལས་དོན་ཆབ་སྲིད་ལ་སྦྱར་བར་སྐྱོན་བརྗོད་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎