བཙན་བྱོལ་བོད་གཞུང་གི་སྲི་ཞུའི་ལས་བྱེད་རྣམ་པར་ཟབ་སྦྱོང༌།

བཙན་བྱོལ་བོད་གཞུང་གི་སྲི་ཞུའི་ལས་བྱེད་རྣམ་པར་དེང་སྐབས་ཟབ་སྦྱོང་ཞིག་གནང་བཞིན་ཡོད་འདུག

༄༅༎བཙན་བྱོལ་བོད་གཞུང་གི་སྲི་ཞུའི་ལས་བྱེད་རྣམ་པར་དེང་སྐབས་ཟབ་སྦྱོང་ཞིག་གནང་བཞིན་ཡོད་འདུག དེ་ཡང་གནས་ཚུལ་ནང་འགྲེལ་བརྗོད་བྱས་པར་གཞིགས་ན། ད་ལམ་གྱི་ཟབ་སྦྱོང་དེ་བཞིན་བཙན་བྱོལ་བོད་གཞུང་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གིས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང༌། ཟབ་སྦྱོང་དེ་བཞིན་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་ས་རྭ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་འདི་ཚེས་ ༡༥ ཉིན་འགོ་འཛུགས་ཀྱིས་ཚེས་ ༢༤ བར་ཉིན་གྲངས་བཅུའི་རིང་གནང་གཏན་འཁེལ་ཡོད་འདུག་ཅིང༌། ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་གྱི་གྲས་སུ་བོད་གཞུང་གི་སྲི་ཞུའི་ལས་བྱེད་ཡིན་མུས་ཡིན་པ་ཁག་ཅིག་དང༌། ལས་བྱེད་གསར་པ་ཁག་ཅིག་བཅས་ཁྱོན་སྡོམ་སྲི་ཞུ་བ་མི་གྲངས་ ༢༨ ཡོད་པ་དང༌། ཡང་ཟབ་སྦྱོང་གནང་མཁན་གྱི་ཁོངས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང༌། ཆེས་མཐོའི་ཁྲིམས་ཞིབ་པ། རྩིས་ཞིབ་ལས་ཁུངས། གཞུང་ཞབས་འདེམས་བསྐོ་ལྷན་ཁང༌། བཀའ་ཤག་བཅས་པའི་འབྲེལ་ཡོད་ལྷན་ཁང་ཁག་ཅིག་དང༌། དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་དང༌། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་བཅས་ཀྱི་སྐུ་ཚབ་རྣམས་ཕེབས་ཡོད་པ་རྣམས་ཀྱིས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང༌། གཞུང་ཞབས་ལས་བྱེད་པའི་བླང་དོར་སྒྲིག་གཞི། ལྷན་ཁང་སོ་སོའི་བྱེད་སྒོ། ནང་ཆོས། ཀམ་པུའུ་ཀྲར། ད་ལྟའི་བོད་ནང་གི་གནས་སྟངས་སོགས་ཀྱི་སྐོར་ངོ་སྤྲོད་གནང་རྒྱུ་ཡིན་པ་དང༌། དེ་ལྟར་བྱེད་པའི་དམིགས་ཡུལ་ནི། བཙན་བྱོལ་བོད་གཞུང་གིས་སྲི་ཞུའི་ལས་བྱེད་རྣམ་པའི་ཁུར་འཁྲིའི་ལས་འགན་ཚགས་ཚུད་ཡར་རྒྱས་ཡོང་སླད་ཀྱི་ཆེད་དུ་ཡིན་པ་ གཞུང་ཞབས་འདེམས་བསྐོ་ལྷན་ཁང་གིས་འགྲེལ་བརྗོད་གནང་འདུག།