༄༅༎བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས། ཕྱི་ཟླ་ ༧ ཚེས་ ༢ ནས་ ༧ བར་ཉིན་ལྔའི་རིང་ལ་དྭགས་བོད་ཁྱིམ་དུ་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད་པ་དང་། ཐེངས་འདིའི་ཟབ་སྦྱོང་ནང་ལ་དྭགས་བོད་ཁྱིམ་གླེ་ཁུལ་གྱི་སློབ་གྲྭ་ཁག་བཞི་དང་། བྱང་ཐང་ཁུལ་སློབ་གྲྭ་ཁག་གསུམ་བཅས་སློབ་གྲྭ་ཁག་བདུན་གྱི་གཞི་རིམ་འོག་མའི་དགེ་རྒན་ ༧༥ མཉམ་ཞུགས་གནང་ཡོད་པ་དང་། ཟབ་སྦྱོང་སློབ་ཁྲིད་གནང་མཁན་གཙོ་བོ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཤེས་ཡོན་སྲིད་བྱུས་ཀྱི་རྒྱབ་ལྗོངས་དང་། ཤེས་ཡོན་གྱི་ངོ་བོ། ངོས་འཛིན་བྱེད་ཕྱོགས་། ཤེས་ཡོན་སྤྲོད་པའི་དམིགས་ཡུལ་དང་། ཤེས་ཡོན་ལམ་སྲོལ་སོགས་ཁྱོན་ཡོངས་ཀྱི་ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་གལ་ཆེ་ཁག་གི་སྐོར་ལམ་སྟོན་གསུང་བཤད་གནང་འདུག
གཞན་ཡང་ཐེངས་འདིའི་ཟབ་སྦྱོང་ནང་ཤེས་ཡོན་འགན་འཛིན་རྒྱལ་མཚན་ལགས་ཀྱིས་ཁྱོན་ཡོངས་ཀྱི་ཤེས་ཡོན་དང་། དམིགས་བསལ་ཚན་རིག་དང་ཨང་རྩིས་ཁྲིད་ཕྱོགས། ཤེ་ལོངས་སློབ་གྲའི་དགེ་ཆེ་རྣམ་རྒྱལ་ཡར་འཕེལ་ལགས་ཀྱིས་ཨིན་ཇིའི་སྒྲའི་འགྲོ་སྟངས་ཁག་སློབ་ཁྲིད་གནང་འདུག་ལ་ བོད་གཞུང་ཟློས་གར་ཚོགས་པའི་ལྷ་མོའི་དགེ་རྒན་བསམ་གཏན་ལགས་ཀྱིས་ཟློས་གར་དགེ་རྒན་རྣམས་ལ་ལྷ་མོའི་འཁྲབ་གཞུང་གཙོ་བོར་གྱུར་བའི་་ཟློས་གར་ཁྲིད་ཕྱོགས། ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཤེས་ཡོན་སྲིད་བྱུས་དང་བོད་ཡིག་ཁྲིད་ཐབས་བཅས་ཀྱི་ཐོག་སློབ་ཁྲིད་གནང་ཡོད་རེད༎
