༄༅༎རྒྱལ་ཁབ་ཉི་ཤུའི་དཔལ་འབྱོར་དང་ནོར་སྲིད་དཔོན་རིགས་ཚོ་ཕ་རན་སིའི་ནང་ལྷན་འཛོམས་ཀྱིས་གཟའ་པ་སངས་ཉིན་ཕ་རན་སིའི་རྒྱལ་ས་པེ་རེ་སི་ནང་རྒྱལ་ཁབ་ཉི་ཤུའི་དཔལ་འབྱོར་གྱི་ལྷན་ཚོགས་འགོ་ཚུགས་ཡོད་པ་རེད། ཉིན་གཉིས་རིང་གི་དཔལ་འབྱོར་དང་ནོར་སྲིད་ལྷན ཚོགས་དེའི་ཐོག་གཙོ་བོ་རྒྱལ་སྤྱིའི་ནང་དཔལ་འབྱོར་གནས་སྟངས་ཁོད་སྙོམ་མེད་པ་དང་ དེ་བཞིན་དངུལ་ལོར་ཚད་ལས་བརྒལ་བ་འགྲེམས་སྤེལ་བྱས་པའི་གནད་དོན་ཐོག་གཙོ་བོ་གྲོས་བསྡུར་གནང་རྒྱུ་དང་ དེའི་ནང་དངུལ་རྩའི་ལམ་ལུགས་ལ་འགྱུར་བཅོས་བྱ་རྒྱུ་གལ་འགངས་ཆེ་ཤོས་ཀྱི་གནད་དོན་ཐོག་ནས་གྲོས་བསྡུར་གནང་གི་ཡོད་འདུག
ལྷན་ཚོགས་ཐོག་ཡུལ་གྲུ་མང་ཆེ་བའི་དཔོན་རིགས་ཚོས་ཡུལ་གྲུ་ཕན་ཚུན་དབར་དཔལ་འབྱོར་སྲིད་བྱུས་འཐུས་གུ་ཚང་དུ་བཏང་ནས་ཉིས་སྟོང་བརྒྱད་ལོར་བྱུང་བའི་རྒྱལ་སྤྱིའི་དཔལ་འབྱོར་ཉམ་རྒུད་ཀྱི་གནས་སྟངས་དེ་རིགས་བསྐྱར་དུ་མི་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ན་ཡང་ རྒྱ་ནག་ལྟ་བུའི་རྒྱལ་ཁབ་ཉུང་ཤས་ཀྱིས་དངུལ་ལོར་གྱི་རྫ་ཐང་རང་བཞིན་གྱི་འཕར་ཆ་བྱ་རྒྱུ་དང་ རྒྱུན་དུ་ནས་གསོག་འཇོག་མ་དངུལ་བཤེར་བསྡུར་བྱ་རྒྱུའི་དོན་ཚན་གཉིས་ཀྱི་ཐོག་ཁས་ལེན་བྱེད་ཀྱི་མེད་པ་རེད།
