འཛམ་གླིང་གི་འཁྱགས་རོམ་བཞུ་ཚད་དེ་སྔ་དང་མི་འདྲ་བར་ཇེ་མགྱོགས་ཡིན་པ་ཤེས་རྟོགས་བྱུང་འདུག

2021-04-29
Share
འཛམ་གླིང་གི་འཁྱགས་རོམ་བཞུ་ཚད་དེ་སྔ་དང་མི་འདྲ་བར་ཇེ་མགྱོགས་ཡིན་པ་ཤེས་རྟོགས་བྱུང་འདུག བལ་བོད་ས་མཚམས་སུ་ཡོད་པའི་རི་བོ་ཇོ་མོ་གླང་མའི་རི་རྒྱུད་། ༢༠༡༠།༡༠།༢༩
Lhuboom/RFA

བོད་ཚུད་པའི་འཛམ་གླིང་ནང་གི་འཁྱགས་རོམ་བཞུ་ཚད་ཞིབ་འཇུག་བྱས་སྐབས་འཁྱགས་རོམ་བཞུ་ཚད་དེ་སྔ་དང་མི་འདྲ་བར་ཇེ་མགྱོགས་ཡིན་པ་མིས་བཟོས་སྲུང་སྐར་བརྒྱུད་ཤེས་རྟོགས་བྱུང་འདུག
དེ་ཡང་མིས་བཟོས་སྲུང་སྐར་བརྒྱུད་བོད་ཚུད་པའི་འཛམ་གླིང་གི་རི་བོ་ཁག་གི་ཐོག་ཡོད་པའི་འཁྱགས་རོམ་ཁག་ཚད་འཇལ་སྐབས། འདས་པའི་ལོ་ངོ་བཅོ་ལྔའི་ནང་འཛམ་གླིང་ནང་གི་འཁྱགས་རོམ་ཁག་བཞུ་ཚད་མྱུར་བའི་རྐྱེན་གྱིས་འཛམ་གླིང་ནང་གངས་ཀྱི་འབོར་དེ་ཡང་བརྒྱ་ཆ་སུམ་ཅུ་སོ་གཅིག་ཉུང་དུ་ཕྱིན་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། ཚན་རིག་པ་དང་ཞིབ་འཇུག་པས་འཛམ་གླིང་ནང་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་རྒྱུ་རྐྱེན་དེ་དག་མིའི་བྱེད་ལས་ལ་བརྟེན་ནས་བྱུང་བ་ཡིན་པ་སོགས་བཤད་ཡོད་པ་འདི་ཚེས་༢༨་རེས་གཟའ་ལྷག་པ་ཉིན་ཚན་རིག་གི་དུས་དེབ་(Nature)་ཞེས་པའི་ནང་ཞིབ་འཇུག་བྱས་བ་ཞིབ་ཕྲ་བཀོད་ཡོད་པ་རེད།
དུས་དེབ་ནང་དེའི་སྐོར་ཞིབ་འཇུག་གི་རྩོམ་ཡིག་འབྲི་མཁན་སྐུ་ཞབས་(Romain Hugonnet)་ཡིས། ཕྱི་ལོ་༢༠༡༥་ལོ་ནས་ད་བར་ལོ་རེའི་ནང་འཛམ་གླིང་ནང་གི་རི་བོ་གྲངས་༢༢༠༠༠༠་ཐམ་པའི་ཐོག་གི་འཁྱགས་རོམ་གྱི་ཚད་འཇལ་སྐབས། ལོ་རེར་རི་བོ་དེ་དག་ཐོག་གི་འཁྱགས་རོམ་ལྗིད་ཚད་ཏུན་(metric tons)ཐེར་འབུམ་༢༩༨་ཉུང་དུ་ཕྱིན་ཡོད་པ་མིས་བཟོས་སྲུང་སྐར་གྱི་བརྙན་པར་བརྒྱུད་ཤེས་རྟོགས་བྱུང་ཡོད་པ་གསུང་འདུག
ཡང་གོང་ཞུས་ཞིབ་འཇུག་གི་སྙན་ཐོ་དེའི་ནང་སྐུ་ཞབས་(Romain Hugonnet)་ཡིས་འཛམ་གླིང་ནང་འཁྱགས་རོམ་བཞུ་ཚད་ཕྱེད་ཀ་ཙམ་ཞིག་ཨ་མི་རི་ཀ་དང་། ཁེ་ཎ་ཌའི་ནང་ཡོང་གི་ཡོད་པ་དང་། བཞུ་ཚད་ཉུང་བ་དེ་(Iceland)དང་། གཞན་(Scandinavia)་རྒྱལ་ཁབ་ཁག་ནང་ཡོང་གི་ཡོད་པ་དང་། བོད་མཐོ་སྒང་གི་འཁྱགས་རོམ་བཞུ་ཚད་ད་སྔ་ཅུང་བརྟན་པོ་ཡོད་པ་སོགས་གསལ་སྟོན་བྱས་འདུག
འཛམ་གླིང་གི་འཁྱགས་རོམ་ཁག་བཞུ་ཚད་མྱུར་བའི་རྒྱུ་རྐྱེན་ནི། གོ་ལའི་གནམ་གཤིས་ཚ་དྲོད་རྒྱས་བའི་དབང་གིས་ཡིན་པ་དང་། དེའི་རྐྱེན་གྱིས་རྒྱ་མཚོའི་ཆུའི་མཐོ་ཚད་བརྒལ་བ་དང་དེའི་མཇུག་འབྲས་ནི་རིམ་པས་འཛམ་གླིང་གི་མི་མང་ས་ཡ་མང་པོའི་འཚོ་བའི་ཐོག་གནོད་སྐྱོན་ཐེབས་ཀྱི་ཡོད་པ་སོགས་ཀྱི་གནས་ཚུལ་སྤེལ་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།