རྒྱ་གར་ལ་དྭགས་ཡུལ་དུ་འཛམ་གླིང་ནོར་སྐལ་ཉིན་མོ་སྲུང་བརྩི་གནང་འདུག

2024.04.23
རྒྱ་གར་ལ་དྭགས་ཡུལ་དུ་འཛམ་གླིང་ནོར་སྐལ་ཉིན་མོ་སྲུང་བརྩི་གནང་འདུག རྒྱ་གར་ལ་དྭགས་ཡུལ་དུ་གནའ་ཤུལ་རིག་དངོས་སྲུང་སྐྱོབ་ཆེད་འཛམ་གླིང་ནོར་སྐལ་ཉིན་མོ་སྲུང་བརྩི་གནང་སྐབས། ༠༤།༡༨།༢༠༢༤
འཕྲིན་ལས་ཆོས་སྒྲོན། /RFA

རྒྱ་གར་ལ་དྭགས་གླེ་ཆེན་དཔལ་མཁར་གྱི་ཁང་ཐོག་ཆེན་མོར་ཧི་མ་ལ་ཡའི་རིག་གཞུང་གཅེས་ནོར་ཚོགས་པ་དང་། རྒྱ་གར་གནའ་ཤུལ་གཅེས་སྐྱོང་ཚོགས་པ། (Archaelogical Survey of India) ཡང་ལ་དྭགས་གཙུག་ལག་སློབ་གཉེར་ཁང་དང་ལ་དྭགས་དབུས་གཞུང་མངའ་སྡེའི་ཡིག་འཛོད། གནའ་དངོས་ཤུལ་རྫས་དཔྱད་རིག་དང་གནའ་དངོས་འགྲེམས་སྟོན་ཁང་བཅས་ཚོགས་སྡེ་ཁག་བཞི་ཡིས་མཉམ་དུ་ཕྱི་ཟླ་༤བའི་ཚེས་༡༨ཉིན་ལ་དྭགས་ཡུལ་དུ་འཛམ་གླིང་ནོར་སྐལ་ཉིན་མོ་སྲུང་བརྩི་གནང་ཡོད་པ་རེད།
སྐབས་དེར་གཏམ་བཤད་པ་རྣམས་ཀྱིས་ནོར་སྐལ་ཟེར་དུས་དགོན་པ་དང་མཁར། མཆོད་རྟེན་དང་མན་ཐང་། སྐད་དང་ལུགས་སྲོལ་རྙིང་པ། ཡང་རི་དང་རི་དྭགས། དེ་བཞིན་རྡོ་སྐུ་ལ་སོགས་འདྲ་མིན་ཚུད་ཀྱི་ཡོད་པ་དང་། དེ་དག་ཚང་མ་ལ་བདག་ཉར་བྱེད་དགོས་བ་གལ་ཆེན་པོ་ཡིན་པའི་ཐོག་གསུང་བཤད་གནང་ཡོད་པ་རེད།
འདས་པའི་ལོ་༢༠ལྷག་རིང་ལ་དྭགས་སུ་རྟེན་རྙིང་སྲུང་སྐྱོབ་ཐོག་ཕྱག་ལས་གནང་བཞིན་ཡོད་པ་འབུམ་རམས་པ་བསོད་ནམས་དབང་ཕྱུག་ལགས་ཀྱིས་ལ་དྭགས་ནང་གི་རྟེན་རྙིང་གི་གནས་སྟངས་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་སྐབས། སྤྱིར་ས་ཕྱོགས་ཀུན་ལ་རྟེན་རྙིང་བདག་ཉར་དང་སྲུང་སྐྱོབ་བྱེད་ཕྱིར་ས་གནས་སོ་སོར་ཁྲིམས་ལུགས་ཡོད་པ་རེད། སྔོན་མ་ལ་དྭགས་ཇ་མུ་ཀཤ་མིར་གྱི་ཆ་ཤས་ཡིན་དུས་ཁྲིམས་ཡོད། འོན་ཀྱང་༢༠༡༩ལོར་ལ་དྭགས་དེ་དབུས་གཞུང་མངའ་སྡེ་ཞིག་ལ་བསྒྱུར་བ་ནས་བཟུང་ཁྲིམས་ལུགས་དམིགས་བསལ་ཞིག་བྱུང་མེད་དུས་མི་ཚང་མས་མཆོད་རྟེན་དང་མ་ནི་རྙིང་པ་མང་པོ་སྲུང་སྐྱོབ་དང་ཉམས་གསོ་རང་ཐད་ནས་བྱེད་ཀྱི་ཡོད་པ་གསུངས་བྱུང་།
(Archaelogical Survey of India)་ཡི་ངོས་ནས་རྒྱ་གར་རྒྱལ་ཁབ་ནང་གི་ས་ཕྱོགས་འདྲ་མིན་དུ་ཁང་པ་སོགས་རྙིང་པ་ཅི་ཞིག་ཡོད་ན་ས་གནས་ཡུལ་མིའི་འདོད་པ་བཞིན་གཟིགས་སྐྱོང་གནང་གི་ཡོད་པ་བཞིན་ད་ལྟ་ལ་དྭགས་ནང་ཚོགས་པ་དེས་ཁང་པ་དང་། རྒྱལ་ཁང་། མཆོད་རྟེན་དང་དགོན་པ། ལྷ་ཁང་རྙིང་པ་སོགས་ཁྱོན་གྲངས་༡༣ཙམ་ལ་གཟིགས་སྐྱོང་གནང་བཞིན་ཡོད་པ་རེད་འདུག
འཛམ་གླིང་ནོར་སྐལ་ཉིན་མོ་སྲུང་བརྩིའི་སྐབས་གཞས་པ་དང་རོལ་མོ་བ་གྲགས་ཅན་ཁག་ཅིག་མགྲོན་འབོད་གནང་འདུག་ལ། ལ་དྭགས་ཆོས་རྒྱལ་དུས་ཀྱི་རྒྱལ་རབས་ལོ་རྒྱུས་གཙོས་ལུགས་སྲོལ་རྙིང་པ་མང་པོ་ལ་དྭགས་ཀྱི་གཞུང་གླུ་ནང་ལུས་ཡོད་པ་ཀུན་ལ་དོ་སྣང་དང་གལ་ཆེན་བརྩི་དགོས་པ་སོགས་གཞས་པ་པདྨ་ཤྲི་དངོས་གྲུབ་རྣམ་རྒྱལ་ལགས་ཀྱིས་གསུངས་བཤད་གནང་སོང་།
དེ་བཞིན་ལ་དྭགས་ས་གནས་སུ་དུས་ཆེན་སྐབས་ལྷ་རྔ་ཕུལ་རྒྱུ་དང་། ལྡུན་དང་བག་སྟོན་སྐབས་བླ་ཆེན་དང་རྒྱལ་པོ་ཀུན་ལ་ཕེབས་བསུ་ཞུ་ཕྱིར་ད་མན་དང་སུར་ན་རྡུང་མཁན་གྱིས་རོལ་མོ་གཏོང་རྒྱུ་དེ་རིག་གཞུང་གི་ཆ་ཤས་གལ་ཆེ་ཤོས་ཤིག་ཡིན་པ་དང་། ད་མན་གཏོང་སྲོལ་དེ་ཐོག་མ་ལ་དྭགས་ཀྱི་ཆོས་རྒྱལ་ཅིག་གི་ལྕམ་དེང་སང་(Pakistan)་ནང་ཆགས་པའི་(Skardu)་ནས་ཡིན་པ་རྒྱལ་ཁ་ཏུན་དང་མཉམ་ལ་དྭགས་ལ་སླེབས་པ་དང་སུར་ན་དེ་(Zorawar Singh)་སྐབས་སླེབས་པ་དང་། དུས་ཀྱི་རིམ་པས་ད་མན་སུར་ན་གཏོང་ཕྱོགས་ཐད་འགྱུར་བ་ཆེན་པོ་འགྲོ་བཞིན་པས་གཞོན་སྐྱེས་ཚོས་སྔོན་མའི་ལུགས་སྲོལ་བཞིན་གཏོང་དགོས་པ་སོགས་(Sankit Natak Academy)་ཡི་གཟེངས་རྟགས་བཞེས་མྱོང་མཁན་བཀྲ་ཤིས་འབྱོར་རྒྱས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ལ་དྭགས་ས་གནས་དེ་བཞིན་ཆོས་དང་རིག་གཞུང་གཉིས་ཀའི་ཐོག་བོད་དང་འབྲེལ་བ་ཟབ་མོ་ཆགས་ཀྱི་ཡོད་དུས་འཛམ་གླིང་ནོར་སྐལ་ཉིན་མོ་དང་འབྲེལ་ལ་དྭགས་ཡུལ་གྱི་རྒྱལ་རབས་ཐོག་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་གནང་ཡོད་པ་འབུམ་རམས་པ་བསྟན་འཛིན་མི་འགྱུར་ལགས་ཀྱིས། ལ་དྭགས་རྒྱལ་བོའི་རྒྱལ་རྒྱུད་བོད་ནས་ཡིན་པ་དང་། ལ་དྭགས་ཡུལ་ཀྱི་སྐད་དང་རིག་གཞུང་བོད་དང་གཅིག་མཚུངས་ཡིན་པ་སོགས་ཀྱི་ཐད་གཏམ་བཤད་གནང་བ་དང་མཉམ། དེང་སང་ལ་དྭགས་སུ་སྤྱི་ཚོགས་ཡར་རྒྱས་ཕྱིན་པ་དང་བསྟུན་རྟེན་རྙིང་རྣམས་གལ་ཆེན་ཡིན་པ་མི་རྣམས་ཀྱིས་སྣང་ཆུང་བྱེད་ཀྱི་ཡོད་པ་ནི་ནོར་འཁྲུལ་ཡིན་པ་གསུངས་སོང་།
འཛམ་གླིང་ནོར་སྐལ་ཉིན་མོ་ཞེས་བ་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐོག་མ་༡༩༨༣ལོ་གཏན་འབེབས་གནང་བ་ནས་སྲུང་བརྩི་ཞུ་འགོ་ཚུགས་འདུག

གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་མུ་མཐུད་དུ་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་བཞིའི་ནང་གཞུང་འབྲེལ་འཚམས་གཟིགས་དང་བོད་དོན་ཞུ་སྐུལ་གནང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎