༄༅༎འཛམ་གླིང་གི་དབུ་འཁྲིད་རྣམས་ཀྱིས་འཛམ་གླིང་ནང་དབུལ་ཕོངས་ཀྱི་དཀའ་ངལ་སེལ་རྒྱུའི་ཆེད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཡུལ་ནིའུ་ཡོཀ་གྲོང་ཁྱེར་ནང་ལྷན་འཛོམས་གནང་ཡོད་པ་རེད་
རེས་གཟའ་ཟླ་བ་ཉིན་འཛམ་གླིང་གི་དབུ་འཁྲིད་རྣམས་ཀྱིས་ལྷན་ཚོགས་དབུ་བྱེད་གནང་ནས་ལོ་ངོ་བཅུ་ཕྲག་གཅིག་གོང་དམིགས་པའི་འཛམ་གླིང་ནང་དབུལ་ཕོངས་ཀྱི་དཀའ་ངལ་སོགས་སེལ་རྒྱུའི་དམིགས་ཡུལ་དེ་དག་ཕྱི་ལོ་༢༠༡༥ཚུན་འགྲུབ་ཆེད་ཐབས་ལམ་འཚོལ་སྒྲུབ་གནང་རྒྱུ་ཡིན་པ་རེད་
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སྦན་ཀི་མུན་མཆོག་གི་སྐུ་ཚབ་དྲུང་ཆེ་ཕྱག་རོགས་སྐུ་ཞབས་ཨ་ཀ་ས་ཀ་ཡིས་དབུ་འབྱེད་ཀྱི་གསུང་བཤད་གནང་བའི་ནང་ ང་ཚོས་དྲན་གསོ་བྱེད་དགོས་པ་ཞིག་ལ་འཛམ་གླིང་ནང་ཐལ་ཆེ་བའི་དབུལ་ཕོངས་དང་ན་ཚ་འགོག་ཐབས་ཐོག་གྲུབ་འབྲས་ཧ་ཅང་གི་ཆེན་པོ་བྱུང་ཡོད་ ང་ཚོས་ད་དུང་བུད་མེད་རྣམས་ལ་གོ་སྐབས་ཡག་པ་དང་འཁོར་ཡུག་སྲུང་སྐྱོབ་ཐོག་ཤུགས་སྣོན་སྐྱོན་དགོས་ཞེས་གསུང་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྟོང་ལོ་གསར་པའི་ཡར་རྒྱས་འཛུགས་བསྐྲུན་གྱི་དམིགས་ཡུལ་གྲུབ་རྒྱུར་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་དང་ཕིརན་སི་ཡི་སྲིད་འཛིན་ནི་ཀོ་ལ་སི་སར་ཀོ་ཛི་མཆོག་རྒྱ་ནག་གི་སྲིད་བློན་ཝན་ཇའི་པའོ་མཆོག་དང་ཨི་རན་གྱི་སྲིད་འཛིན་མ་མུརྡ་ཨེམ་རྡི་ནེ་ཇརྡ་སོགས་འཛམ་གླིང་གི་དབུ་འཁྲིད་རྣམས་ཀྱིས་རང་རང་སོ་སོའི་ཡར་རྒྱས་འཛུགས་བསྐྲུན་གྱི་འཆར་གཞི་བཏོན་གནང་རྒྱུ་ཡིན་པ་རེད་
འཛམ་གླིང་གི་ཡར་རྒྱས་འཛུགས་བསྐྲུན་ཐོག་མཁས་པ་རྣམས་ཀྱིས་འཛམ་གླིང་ནང་དབུལ་ཕོངས་ཀྱི་མི་འབོར་ཕྱེད་ཀ་བར་ཉུང་དུ་གཏོང་རྒྱུ་དང་བྱིས་པ་ལོ་ན་ལྔར་མ་སོན་གོང་འཆི་མཁན་གྱི་གྲངས་འབོར་དེ་གསུམ་ཆ་གཉིས་ཀྱིས་ཉུང་དུ་གཏོང་རྒྱུ་འཛམ་གླིང་གི་རྒྱལ་ཁབ་ཕན་ཚུན་བར་གྱི་ཚོང་འབྲེལ་དེ་དྲང་ཚུགས་ལྡན་པ་ཞིག་བཟོ་ཆེད་དང་འཛམ་གླིང་གི་ཉམ་ཐག་ཡུལ་ཁག་ལ་དྲ་རྒྱའི་མཐུན་རྐྱེན་བསྐྲུན་རྒྱུ་སོགས་ནི་གྲུབ་ཐུབ་ཐབས་མེད་པའི་དམིགས་ཡུལ་ཡིན་སྐོར་གསུང་འདུག
གོང་ཞུས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡར་རྒྱས་འཛུགས་བསྐྲུན་ཐོག་སྟོང་ལོ་གསར་པའི་དམིགས་ཡུལ་དེ་དག་གྲུབ་རྒྱུའི་ཆེད་ཡོ་རོབ་སྤྱི་མཐུན་གྱིས་ཨ་རིའི་གྲོ་ལར་འཐེར་འབུམ་༡ཞལ་འདེབས་འབུལ་གནང་རྒྱུའི་ཁས་ལེན་དང་འཛམ་གླིང་དངུལ་ཁང་གིས་དངུལ་ཨ་རིའི་གྲོ་ལར་ས་ཡ་༧༥༠འཛམ་གླིང་ནང་ཤེས་ཡོན་གོང་འཕེལ་ཆེད་ཞལ་འདེབས་འབུལ་རྒྱུ་ཁས་ལེན་གནང་ཡོད་པ་རེད་ ཡིན་ནའང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་ཡུལ་འགྲུབ་རྒྱུར་དངུལ་ད་དུང་ཨ་རིའི་གྲོ་ལར་འཐེར་འབུམ་༡༢༠ཆད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག
