འཛམ་གླིང་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ལྷན་ཚོགས།

འཛམ་གླིང་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཆེས་མཐོའི་ལྷན་ཚོགས་ཐོག་བཟང་ཕྱོགས་ཀྱི་གྲུབ་འབྲས་ཤིག་འབྱུང་ཐབས་ཐད་གནོན་ཤུགས།

2009-12-15
Share

༄༅༎ཌེན་མཀ་ཀྱི་རྒྱལ་ས་ཀོ་པེན་ཧེ་གེན་དུ་ཚུགས་བཞིན་པའི་ཁོར་ཡུག་གི་ཚོགས་ཆེན་ཐོག་ཚོགས་འདུའི་ལས་རིམ་གཏན་འབེབས་ཟིན་པ་ལྟར་འགྲོ་མ་ཐུབ་པ་དང་ཕན་ཚུན་སྐྱོན་བརྗོད་དེ་བཞིན་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོབ་གཙོ་བོར་འཛིན་པའི་བྱ་ཐབས་སོགས་དཀའ་རྙོག་མང་དག་ཅིག་འཕྲད་བཞིན་ཡོད་མིན་ལ་མ་ལྟོས་པར་ཆེས་མཐོའི་ལྷན་ཚོགས་འདིའི་ཐོག་འཛོམས་པའི་འཛམ་གླིང་གི་དབུ་འཁྲིད་ཆེ་ཁག་ཚོས་གཟའ་མིག་དམར་ཉིན་ཁོར་ཡུག་གི་ཚོགས་ཆེན་འདིའི་སྐབས་བཟང་ཕྱོགས་ཀྱི་གྲུབ་འབྲས་ཤིག་འབྱུང་ཐབས་ཐད་གནོན་ཤུགས་སྤྲོད་ཐབས་ཆེ་རུ་བཏང་ཡོད་པ་རེད།

དབུ་འཁྲིད་དེ་དག་ཁོངས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྦན་ཀི་མུན་དང་དབྱིན་ཇིའི་སྲིད་བློན་གོར་ཌེན་སྦ་རའོན་ ཨོ་སི་ཀྲོ་ལི་ཡའི་སྲིད་བློན་ཀེ་ལྦིན་རཱཌ་ སྦ་ར་ཛིལ་གྱི་སྲིད་འཛིན་ལུཡིཛ་ཨི་ན་ཤིའོ་ལུ་ལ་རྡ་སིལ་ལྦ་སོགས་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་གཙོ་ཌེན་མཀ་ཀྱི་རྒྱལ་ས་ནས་ནིའུ་ཡོག་ཏུ་ཕེབས་ཐོན་མ་གནང་གོང་གསར་འགོད་པ་ཚོར་དུས་ཚོད་རྫོགས་འགྲོ་གི་ཡོད་པ་དང་ད་ལྟའི་དུས་ཚོད་འདི་ཕན་ཚུན་གཅིག་གི་གཅིག་ལ་མཛུབ་མོ་འཛུགས་རེས་བྱེད་པའི་དུས་ཚོད་ཅིག་མ་རེད་ཅེས་གསུངས་འདུག་ ཁོང་གིས་འཛམ་གླིང་ཡུལ་གྲུ་ཁག་གི་དབུ་འཁྲིད་རྣམ་པའི་ལྷན་ཚོགས་མ་གནང་གོང་གྲོས་ཆོད་ནུས་པ་ལྡན་པ་ཞིག་འཇོག་ཐབས་ཀྱི་རྨང་གཞིའི་ལས་དོན་ཡོངས་སུ་ཟིན་པ་དགོས་རྒྱུར་ཐུགས་རེ་གནང་བཞིན་ཡོད་འདུག།

འཛམ་གླིང་ཡུལ་གྲུ་བརྒྱ་དང་ཉི་ཤུའི་དབུ་འཁྲིད་གཟའ་པ་སངས་ཉིན་ཀོ་པེན་ཧེ་གེན་དུ་འཛོམས་རྒྱུ་ཡིན་ཞིང་གོ་ལའི་ཁོར་ཡུག་གི་གནད་དོན་ཐད་ཆེས་མཐོའི་ཚོགས་འདུ་འདི་ལྟ་བུ་ད་བར་ཚུགས་མྱོང་མེད་པ་ཞིག་ཡིན་པ་དང་ཐེངས་འདིའི་ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི་གོ་ལའི་གནམ་གཤིས་ཚ་དྲོད་ཆེ་རུ་གཏོང་མཁན་གྱི་དུག་རླངས་ཀྱི་ཚད་གཞི་ཉུང་དུ་གཏོང་ཐབས་བྱ་རྒྱུ་དང་འདིའི་ཐད་ཡར་ཐོན་ཅན་གྱི་ཡུལ་གྲུ་ཚོས་འབྱོར་མེད་ཡུལ་གྲུ་ཚོར་ཌོ་ལར་ཐེར་འབུམ་མང་པོའི་རོགས་རམ་སྤྲོད་ཕྱོགས་ཀྱི་ལས་རིམ་གཏན་འབེབས་བྱ་རྒྱུ་བཅས་ཡིན་པ་རེད།

ཚན་རིག་པ་ཚོས་འཛམ་གླིང་ནང་གི་བཟོ་གྲ་ཁག་ནས་གློད་པའི་དུག་རླངས་ཀྱི་ཚད་གཞི་ཉུང་དུ་གཏོང་ཐབས་མ་བྱས་ཚེ་འབྱུང་འགྱུར་གྱི་ལོ་བཅུའི་ནང་ཚུད་གནམ་གཤིས་ཀྱི་ཚ་དྲོད་ཧ་ཅང་རྒྱས་ཏེ་ཐེན་པ་དང་ཆུ་ལོག་ རྒྱ་མཚོའི་ཆར་རླུང་དང་ དེ་བཞིན་རྒྱ་མཚོའི་ཆུ་ཚད་བརྒལ་རྒྱུའི་ཉེན་ཁ་ཡོད་པ་བརྗོད་བཞིནཡོད་པ་རེད།

དུག་རླངས་ཀྱི་ཚད་གཞི་ཉུང་དུ་གཏོང་ཕྱོགས་ཐད་ཡར་ཐོན་ཅན་གྱི་ཡུལ་གྲུ་ཚོ་དང་ཡར་རྒྱས་འགྲོ་བཞིན་པའི་ཡུལ་གྲུ་ཚོའི་དབར་མི་མཐུན་པ་ཆེན་པོ་ཡོད་ཅིང་ཡར་རྒྱས་འགྲོ་བཞིན་པའི་ཡུལ་གྲུ་ཚོས་འབྱོར་ལྡན་གྱི་ཡུལ་གྲུ་ཁག་ནས་ཕྱི་ལོ་ཉིས་སྟོང་ཉི་ཤུ་ཚུན་ཆད་དུག་རླངས་ཀྱི་ཚད་གཞི་ ཕྱི་ལོ་༡༩༩༠ཐམ་པའི་ཚད་གཞི་ནས་བརྒྱ་ཆ་བཞི་བཅུས་ཉུང་དུ་གཏོང་ཟིན་པ་དགོས་ལུགས་བརྗོད་བཞིན་ཡོད་པ་རེད་ འོན་ཀྱང་རྒྱ་ནག་དང་རྒྱ་གར་ལྟ་བུ་ཡར་རྒྱས་འགྲོ་བཞིན་པའི་ཡུལ་གྲུ་ཚོས་སོ་སོའི་འདོད་མོས་དང་དང་བླངས་ཀྱི་ཐོག་ནས་དུག་རླངས་ཀྱི་ཚད་གཞི་ཉུང་དུ་གཏོང་རྒྱུ་ཡིན་ལུགས་བརྗོད་བཞིན་ཡོད་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།