བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་ཡིང་ཇེ་ལ་བརྟག་དཔྱད་རྗེས་ཁྲིམས་ལྟར་གཞུང་གཏུག་བྱས་འདུག

2025.03.13
བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་ཡིང་ཇེ་ལ་བརྟག་དཔྱད་རྗེས་ཁྲིམས་ལྟར་གཞུང་གཏུག་བྱས་འདུག བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་ཡེང་ཅེ་(Wu Yingjie) ༢༠༡༩།༣།༦
AP

སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་དེ་སྔའི་རྒྱུན་ལས་དང་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་ཡིང་ཅེའི་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞིར་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་ཞིབ་འཇུག་བྱས་རྗེས། ཁྲིམས་ལྟར་གཏན་འཁེལ་བྱས་པ་བརྒྱུད། ཉེ་ཆར་པེ་ཅིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ཡན་ལག་ཁང་གསུམ་པས་པེ་ཅིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གསུམ་པར་གཞུང་གཏུག་བརྒྱབ་པའི་གནས་ཚུལ་ཁག་རྒྱ་ནག་གཞུང་འབྲེལ་བོད་ལྗོངས་ཉིན་རེ་ཚགས་པར་སྟེང་ཕྱི་ཚེས་༡༣་ཉིན་གནས་ཚུལ་སྤེལ་འདུག
པེ་ཅིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཝུའུ་ཡིང་ཅེ་(Wu Yingjie) ཡིས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་འཐུས་མི་དང་། དྲིལ་བསྒྲགས་ལས་ཁུངས་ཀྱི་འགན་འཛིན། རང་སྐྱོང་ལྗོངས་སྲིད་གཞུང་གི་འགོ་ཁྲིད་གཞོན་པ། རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་འགོ་ཁྲིད་གཞོན་པ། དམར་ཤོག་དྲུང་ཆེ་སོགས་བྱེད་རིང་ལས་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་ལ་ཁེ་ཕན་གཉེར་རོགས་བྱས་ནས་ཁྲིམས་འགལ་གྱིས་རྒྱུ་དངོས་བླངས་པ་གྲངས་འབོར་ཧ་ཅང་འབོར་ཆེནཡིན་པས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་ནག་ཉེས་ཐོག་ནས་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས་པ་ཉེས་བགྲང་ཞུ་གཏུག་བྱས་ཚུལ་སོགས་ཀྱི་བཀོད་འདུག་པ་ལྟར་ན། རྒྱའི་དཔོན་རིགས་ཟུར་པ་ཝུའུ་དབྱིང་ཇེའི་སྐོར་ལ་མཁྱེན་རྟོགས་ཡོད་མཁན་མིང་བརྗོད་འདོད་མེད་པ་ཞིག་གིས་ངོ་སྤྲོད་གནང་དོན་ལ། ཝུའུ་དབྱིང་ཇེ་ཡིས་དེ་སྔ་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེའི་གོ་གནས་བཟུང་བའི་སྐབས་སུ་སྡུག་རྩུབ་དང་དྲག་གནོན་ཆེ་ཤོས་ཤིག་ནི། བོད་རང་སྐྱོང་ལྗོངས་ནག་ཆུའི་ཁོངས་གཏོགས་འབྲི་རུ་རྫོང་དུ་བྱུང་ཡོད་ལ། དེའང་འབྲི་རུ་ཕྱོགས་ཀྱི་བོད་མི་ཚོས་རྒྱ་ནག་གི་དར་ཆ་ཆུའི་ནང་དབྱུག་པ་དང་མེར་བསྲེགས་བཏང་བའི་གནས་ཚུལ་བྱུང་རྐྱེན་ཝུའུ་དབྱིང་ཇེ་ཡིས་ས་གནས་སུ་དམག་མི་འབོར་ཆེན་བཏང་ནས་དྲག་གནོན་བྱས་ཏེ་སྐད་གྲགས་བཞག་ཡོད་པ། ཝུའི་དབྱིང་ཇེ་ནི་ཧྲན་ཏུང་གི་མི་ཡིན་ལ། ཁོས་ཧྲན་ཏུང་གི་རྒྱ་མི་གང་མང་ཞིག་བོད་དུ་ཁྲིད་ནས་གོ་ས་སྤྲད་པ་དང་གཏེར་ཁ་བསྔོག་འདོན་བྱེད་བཅུག་ནས་དཀའ་རྙོག་མང་པོ་བཟོས་པར་མ་ཟད། གནས་ཚུལ་སྡུག་ཤོས་ཤིག་ལ། སློབ་མཐར་ཕྱིན་པའི་བོད་རིགས་སློབ་མ་ཚོར་ལས་ཀ་མ་སྤྲད་པར་དེའི་ཚབ་ཏུ་རྒྱ་ནག་ནས་ཡོང་བའི་རྒྱ་རིགས་སློབ་མ་ཚོར་ལས་ཀ་སྤྲད་པའི་ཉེར་ལེན་གྱིས་བོད་པ་ཚོས་ཝུའུ་དབྱིང་ཇེའི་དབྱེ་འབྱེད་དང་འདྲ་མཉམ་མིན་པའི་བྱ་སྤྱོད་ལ་སྡུག་སྐད་རབ་དང་རིམ་པ་བྱུང་ཡོད། གནད་དོན་དབྱེ་ཞིབ་པས་བརྗོད་ན། རྒྱ་ནག་གི་དཔོན་རིགས་ཤིག་ལ་ཞིབ་བཤེར་བྱེད་འགོ་བཙུགས་ཡོད་ལབ་དུས་འཛིན་བཟུང་བཀག་ཉར་གྱི་འོག་ཏུ་གནས་ཡོད་པ་དང་རྒྱ་ནག་གུང་ཁྲན་ཏང་གི་ལོ་རྒྱུས་ནང་དཔོན་རིགས་སུ་རུང་ལ་ཞིབ་བཤེར་གྱི་གནས་ཚུལ་ལྷག་པའི་རྗེས་ལ་ནག་ཉེས་མི་འདུག་ཟེར་ནས་ཀློད་བཀྲོལ་བཏང་བཞག་པའི་གནས་ཚུལ་རྩ་བ་ནས་བྱུང་མྱོང་མེད་སྟབས། ད་ལན་ཝུའུ་དབྱིང་ཇེ་ཚོད་དཔག་བྱས་ན་ཧ་ལམ་འཛིན་བཟུང་འོག་ཡོད་པ་དང་ཁྲིམས་ཆད་ཕོག་རྒྱུ་ཕལ་ཆེར་གཏན་འཁེལ་བ་འདྲ་བོ་ཞིག་ལ་ངོས་འཛིན་གནང་གི་ཡོད་ལ། ལྷག་པར་དུ་རྒྱ་ནག་གཞུང་གིས་དུས་ད་ལྟ་བར་དུ་བོད་རང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཟུར་པ་ཞིག་ལ་ནག་ཉེས་འདུག་ཟེར་ནས་གསལ་བསྒྲགས་བྱས་མྱོང་མེད་པས། ད་ལན་གསལ་བསྒྲགས་བྱས་པ་འདིའི་ཐོག་ནས་བལྟས་ཀྱང་ཆབ་སྲིད་ཀྱི་གནད་འགག་ཆེན་པོ་ཞིག་ལ་མཐོང་གི་ཡོད། ཝུའུ་དབྱིང་ཇེ་ཡིས་བོད་རང་སྐྱོང་ལྗོངས་སུ་གོ་གནས་བཟུང་བའི་སྐབས་བོད་ནང་ཆེས་དྲག་གནོན་དང་སྡུག་རྩུབ་ཆེ་ཞིང་། མི་རིགས་རྩ་མེད་ཀྱི་བྱ་སྤྱོད་ཤུགས་ཆེར་སྤེལ་ཡོད་པ་མ་ཟད། རྒྱུན་པར་ཏཱ་ལའི་ཁ་བྲལ་རུ་ཚོགས་ལ་གདོང་ལེན་ནན་པོ་བྱ་དགོས་ཚུལ་བཤད་དེ་༧གོང་ས་རྒྱལ་བ་རིན་པོ་ཆེར་མཚན་སྨད་ཤུགས་ཆེ་ཞུ་མཁན་ཞིག་ཀྱང་ཡིན། ཁོས་བོད་ནང་དྲག་གནོན་གྱི་སྲིད་ཇུས་བཟུང་བའི་ཉེར་ལེན་གྱིས་ཕྱི་ལོ་ ༢༠༢༢ལོར་ཨ་རིའི་ནོར་སྲིད་ལྷན་ཁང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་ཚབས་ཆེན་བཏང་བའི་གནད་དོན་འོག་ཝུའུ་དབྱིང་ཇེ་དང་བོད་རང་སྐྱོང་ལྗོངས་ཉེན་རྟོག་སྤྱི་ཁྱབ་གཙོ་འཛིན་ཀྲང་ཧུང་པོ་གཉིས་ལ་སྲིད་དོན་ཉེས་ཆད་བཀལ་ཏེ། དཔོན་རིགས་འདི་གཉིས་ལ་ཨ་རིར་ཡོད་པའི་རྒྱུ་དངོས་དང་དངུལ་དངོས་སྤྲོད་ལེན་གྱི་ལས་དོན་ཡོངས་རྫོགས་བཀག་སྡོམ་བྱས་པའི་གནས་ཚུལ་བྱུང་ཡོད།
བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་གཡིང་ཇེ་ཡི་གནས་ཚུལ་ཐད་དྲྭ་ལམ་དུ་མི་མང་པོས་མཆན་བཀོད་ཡོད་པའི་ནང་། ཁག་ཅིག་གིས་གཞུང་འབྲེལ་གོ་གནས་གང་འདྲ་བཟུང་ཡོད་མེད་ལ་མ་བལྟོས་བར་འདིའི་རིགས་ལ་ཞིབ་འཇུག་དང་ཐག་གཅོད་ནན་མོ་བྱས་བ་བརྒྱུད་སྤྱི་ཚོགས་གཙང་མ་དང་དྲང་བདེན་གྱི་ཁོར་ཡུག་སླར་གསོ་དགོས་བ་བྲིས་འདུག་ལ། མཆན་འབྲི་བ་ཞིག་གིས། ཁོས་དྲག་གནོན་བྱས་བས་བོད་མི་རིགས་འཕེལ་རྒྱས་མེད་པ་བཟོས་ཡོད་ཅེས་དང་། ཡང་གཞན་ཞིག་གིས་ཁོ་བཙོན་འཇུག་བྱེད་དགོས་བ་སོགས་བྲིས་འདུག།


གསར་འགོད་པ། བོད་རྒྱལ། བསྟན་འཛིན་པདྨ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་བརྒྱབ་ན་བོད་མིའི་སྐད་སྒྲ་མེད་པ་འགྱུར་ངེས་རེད་ཅེས་བོད་ཀྱི་གྲགས་ཅན་རྩོམ་པ་པོ་དང་སྙན་ངག་པ་ཚེ་རིང་འོད་ཟེར་ལགས་ཀྱིས་གསུངས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་དང་ཆོས་རིག་གཉིས་ཀའི་ཐོག་འབྲེལ་ཐག་ཉེ་བའི་འབྲུག་ཡུལ་གྱིས་བོད་མིང་ལ་ཤི་ཙང་ཞེས་འབོད་འགོ་བཙུགས་པ་ནི་བློ་ཕམ་གྱི་གནས་རེད་ཅེས་ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎