རྒྱ་ནག་ཝུའུ་ཧན་གྱི་ཏོག་དབྱིབས་ནད་འབུ་གསར་བའི་ནད་རིམས་འགོས་མཁན་ནད་པ་ད་བར་༢༦་གྲོངས་འདུག

རྒྱ་ནག་ཝུའུ་ཧན་གྱི་ཏོག་དབྱིབས་ནད་འབུ་གསར་བའི་ནད་རིམས་འགོས་མཁན་ནད་པ་ད་བར་༢༦་གྲོངས་འདུག་པ་དང་ཞིང་ཆེན་དེའི་གྲོང་ཁྱེར་དང་རྫོང་ཁག་༡༣་གྱི་འགྲོ་འོང་བཀག་སྡོམ་བྱས་འདུག
རྒྱ་ནག་འཕྲོད་བསྟེན་དང་བདེ་ཐང་ལྷན་ཁང་གི་གསལ་བསྒྲགས་ལྟར་ན། རྒྱ་ནག་ཝུའུ་ཧན་ནས་ཐོག་མར་ཐོན་པའི་ཏོག་དབྱིབས་ནད་འབུ་གསར་བའི་གློ་ཚད་ནད་རིམས་དེ་མུ་མཐུད་ནས་ཁྱབ་གདལ་དུ་འགྲོ་བཞིན་པ་དང་། ཕྱི་ཟླ་ ༡ ་པོའི་ཚེས ༢༤་ནམ་དཀྱིལ་བར་དུ། རྒྱ་ནག་གི་ཞིང་ཆེན་དང་རྫོང་། གྲོང་ཁྱེར་ ༢༩ ་ལ་ཝུའུ་ཧན་གྱི་ཏོག་དབྱིབས་ནད་འབུ་གསར་བ་དེ་ཁྱབ་ཡོད་པ་དང་། ད་བར་ཁྱོན་བསྡོམས་མི་གྲངས་ ༨༣༠ ་ལ་ཏོག་དབྱིབས་ནད་འབུ་གསར་བ་དེ་འགོས་ཟིན་པ་མ་ཟད། དེའི་ཁྲོད་ཀྱི་ནད་པ་མི་གྲངས་ ༢༦ ་འདས་གྲོངས་སུ་ཕྱིན་པའི་ཁྲོད། ཧུའུ་པེ་ཞིང་ཆེན་གྱི་མི་ ༢༤ ་ཡོད་པ་རེད། ཡིན་ནའི་ད་ལྟའི་ཆར་བོད་ལྗོངས་དང་མཚོ་སྔོན་ལ་ཏོག་དབྱིབས་ནད་འབུ་གསར་བ་དེ་ཁྱབ་པའི་གནས་ཚུལ་ཐོན་མི་འདུག
དེ་བཞིན་དུ་ཧུའུ་པེ་ཉིན་རེའི་ཚགས་པར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་ ༡ ་པོའི་ཚེས་ ༢༤འི་ཉིན། ཞིང་ཆེན་དེའི་ཁོངས་ཀྱི་གྲོང་ཁྱེར་དང་རྫོང་ ༡༣་ཡོངས་སུ་བཀག་སྡོམ་བྱས་ཏེ་འགྲིམ་འགྲུལ་རིགས་ཕར་འགྲོ་ཚུར་འོང་བྱ་མི་ཆོག་པར་བཀག་ཡོད་པ་དང་། དེ་བཞིན་ཝུའུ་ཧན་གྲོང་ཁྱེར་དུ་གྲོང་ཁྱེར་ནང་གི་སྤྱི་སྤྱོད་རླངས་འཁོར་དང་ས་འོག་མེ་འཁོར་སོགས་ཀྱང་མུ་མཐུད་ནས་བཀག་སྡོམ་བྱེས་མུས་ཡིན་པ་རེད།
གཞན་ཡང་ཧྥ་རན་སི་གསར་ལས་ཁང་གི་གནས་ཚུལ་ནང་། ཝུའུ་ཧན་གྲོང་ཁྱེར་གྱིས་ཛ་དྲག་གིས་ཉལ་ཁྲི་ ༡༠༠༠ ་ཅན་གྱི་འཕྲལ་སེལ་སྨན་ཁང་ཞིག་གསར་དུ་བཟོ་སྐྲུན་བྱེད་བཞིན་པ་དང་། འཆར་གཞི་ལྟར་ན། ཟླ་ ༢ ་པའི་ཚེས་ ༣ ་ཉིན་ལེགས་འགྲུབ་ཀྱིས་བཀོལ་སྤྱོད་བྱེད་འཆར་ཡོད་འདུག རྒྱ་ནག་གཞུང་གིས་འདི་ཚེས་༢༤་གཟའ་པ་སངས་ཉིན། པེ་ཅིན་གྱི་ཡུལ་སྐོར་སྤྲོ་འཆམ་ས་གནས་ཁག་དཔེར་ན་རྒྱ་ནག་ལྕགས་རི་རིང་པོ་དང་། རྒྱ་ནག་གོང་མའི་ཕོ་བྲང་། པེ་ཅིན་ནང་ཡོད་པའི་ཨོ་ལེམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་བྱ་ཚང་རྩེད་རྭ། དེ་བཞིན་ཧྲང་ཧེ་ནང་ཡོད་པའི་དྲེ་ནི་ནི་རྩེད་མོ་རྩེད་ཁུལ་ལ་སོགས་པའི་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་ཁག་ཅིག་གནས་སྐབས་སྒོ་རྒྱག་རྒྱུ་ཕྱིར་བསྒྲགས་བྱས་ཡོད་པ་དང་། དེ་མིན་ལུགས་རྙིང་ལོ་སར་དང་དཔྱིད་གསར་དུས་ཆེན་སྐབས་ཀྱི་རྟེན་འབྲེལ་གྱི་མཛད་སྒོ་མང་པོ་ཞིག་ཡང་ཕྱིར་འཐེན་བྱས་ཡོད་འདུག
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཉིན་གཉིས་རིང་ཝུའུ་ཧན་གྱི་ཏོག་དབྱིབས་གློ་བའི་རིམས་ནད་སྐོར་ལ་ཛ་དྲག་གྲོས་མོལ་བྱས་རྗེས། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འགན་འཛིན་ཧུ་སེ་ཡེ་ཀྱིས། ཝུའུ་ཧན་གྱི་གློ་བའི་རིམས་ནད་དེ་ད་དུང་རྒྱལ་སྤྱིའི་དོ་སྣང་བྱེད་པའི་གློ་བུར་དུ་བྱུང་བའི་ཐུན་མོང་འཕྲོད་བསྟེན་དོན་རྐྱེན་དུ་ངོས་འཛིན་བྱས་ན་ཅུང་སྔ་དྲགས་པའི་སྐྱོན་ཡོད་པས་གནས་སྐབས་རིང་ལྟ་ཞིབ་བྱེད་རྒྱུ་ཡིན། ཡིན་ན་ཡང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཉིན་ལྟར་རིམས་ནད་དེ་འཕེལ་ཕྱོགས་སོགས་ཀྱི་ཐོག་དོ་སྣང་བྱས་དང་བྱེད་ཀྱི་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྐབས་འགྲེལ་བརྗོད་བྱས་ཡོད་པ་རེད། ཏོག་དབྱིབས་གློ་ཚད་ནད་རིམས་དེ་ད་བར་དུ་རྒྱ་ནག་ལས་གཞན། ཨ་མེ་རི་ཀ་དང་ཉི་ཧོང་། ལྷོ་ཀོ་རེ་ཡ། ཐེ་ལེན་ཊི། སེངྒ་ཕོར། ཝེ་ཏི་ནམ། ཐེ་ཝན། ཧོང་ཀོང་སོགས་ཀྱི་ནང་ཐོན་ཡོད་པ་རེད་འདུག
ཕྱི་ལུགས་སྨན་པ་སྐུའི་བླ་སྨན་པ་གསང་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ནད་གཞི་དེའི་སྔོན་རྟགས་གཙོ་བོ་ནི། ལུས་ལ་ཚ་བ་འཕར་བ་དང་། གློ་རྒྱག་པ། ཐང་ཆད་པ་སོགས་གཟུགས་པོ་མི་བདེ་བ་ཡོང་གི་ཡོད་རེད། ནད་གཞི་དེ་སྔོན་འགོག་ལས་དོན་གཙོ་བོ་ནི་མི་ཚོགས་མང་པོའི་ཁྲོད་འགྲོ་སྐབས་ཁ་རས་རྒྱག་རྒྱུ་དང་། ལག་པ་ཡང་ཡང་བཀྲུ་བ། ནད་རྟགས་དེ་རིགས་ཡོད་མཁན་དང་ཐག་རིང་ཙམ་སྡོད་དགོས་བ་སོགས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

Coronavirus and situation in Tibet

ཕྱི་ལོ་ ༢༠༡༩ ཟླ་བ་ ༡༢ པའི་ནང་རྒྱ་ནག་དབུས་ཀྱི་ཝུ་ཧན་(Wuhan)གྲོང་ཁྱེར་ནང་ནས་ཐོག་མར་བྱུང་བའི་ཏོག་དབྱིབས་ནད་འབུའམ(Coronavirus)ཟེར་བ་གཞི་རྐང་ཆམ་ནད་ལྟ་བུ་གང་ཞིག་ལ་སྨན་བཅོས་མེད་པའི་འགོས་ནད་ཚབས་ཆེན་དེ་ད་ལྟ་འཛམ་གླིང་ཡུལ་གྲུགཞན་གྱི་ནང་ཡང་ཁྱབ་གདལ་འགྲོ་བཞིན་པར་བརྟེན་དངངས་འཚབ་བྱ་ཡུལ་གྱི་གནད་དོན་ཞིག་ཏུ་གྱུར་ཡོད་པ་རེད། The impact of the Corona virus outbreak is increasing as Tibetans and Chinese are avoiding Wuhan, the epicenter of the viral disease and moving to Tibet to avoid infection. An anonymous Tibetan lady told RFA that she is returning to Tibet to avoid possible infection and so are others. She further said that those Chinese who own houses in Tibet are also moving to Tibet.

Posted by Rfa Tibetan on Tuesday, January 21, 2020