ལྷ་སར་ཏོག་དབྱིབས་ནད་འབུ་འགོས་ཡོད་པའི་དོགས་ཡོད་ནད་པ་གཅིག་ཐོན་འདུག


2020.01.29
ལྷ་སའི་བར་སྐོར་གླིང་། ༢༠༢༠།༡།༢༨ ལྷ་སའི་བར་སྐོར་གླིང་། ༢༠༢༠།༡།༢༨
བོད་འབྱོར།

རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་འབུ་ཕོག་པའི་ནད་པ་དང་གྲོངས་མཁན་གྱི་ཁ་གྲངས་འཕར་བཞིན་པ་དང་ལྷ་སར་དོགས་པ་ཅན་གྱི་ནད་པ་ཞིག་བྱུང་འདུག
འདི་ཚེས་༢༩་ཉིན་གྱི་གནས་ཚུལ་ལྟར་ན། ད་བར་རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་འབུ་དབྱིན་སྐད་ལ་(coronavirus)་ཕོག་པའི་ནད་པ་གྲངས་༦༡༧༢་བར་འཕར་བའི་ཁྲོད་ནད་པ་མི་གྲངས་༡༣༢་གྲོངས་ཟིན་འདུག
རྒྱ་ནག་གི་གསར་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ནང་ཏོག་དབྱིབས་ནད་འབུ་འགོས་ཡོད་པའི་་དོགས་ཡོད་ནད་པ་གཅིག་ཐོན་ཡོད་པ་དང་། བོད་རང་སྐྱོང་ལྗོངས་ནང་ཐོག་མར་ཐོན་པའི་དོགས་ཡོད་ནད་པ་དེའི་མིང་ལ་ཀྲང་ཆེ་གེ་མོ་ཟེར་བ་དང་། རྒྱ་ནག་ཧུའུ་པེ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་གྱི་མི་ཡིན་པ་དང་ལོ་ན་༣༤་ཡིན་འདུག ཁོང་ཝུའུ་ཁྲང་བརྒྱུད་མེ་འཁོར་དུ་བསྡད་ནས་ཚེས་༢༤་ཉིན་ལྷ་ས་གྲོང་ཁྱེར་དུ་འབྱོར་འདུག ཟླ་༡་ཚེས་༢༥་ཉིན་གྱི་མཚན་མོར་ཁོ་རང་བོད་རང་སྐྱོང་ལྗོངས་ཀྱི་དམིགས་བཙུགས་སྨན་བཅོས་ཚན་པའི་སྨན་པར་བསྟེན་གཏུག་བྱས་བ་དང་། དེ་ནས་སྨན་ཁང་དུ་ཟུར་བཀར་སྨན་བཅོས་བྱས་ཡོད་འདུག ཟླ་༡་ཚེས་༢༨་ཉིན། རང་སྐྱོང་ལྗོངས་རིམས་ནད་འགོག་བཅོས་ཚོད་འཛིན་ལྟེ་གནས་ཀྱི་ཚོད་ལྟ་ཁང་ནས་བརྟག་དཔྱད་བྱས་རྗེས། ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་དོགས་ཡོད་ནད་པ་ཡིན་པ་གཏན་འཁེལ་བྱས་བ་དང་། ད་ཆ་ནད་པ་དང་འབྲེལ་བ་བྱས་མྱོང་བའི་མི་རྣམས་ལོགས་སུ་བཀར་ནས་ལྟ་ཞིབ་བྱེད་བཞིན་ཡོད་པ་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཚན་པས་ཕྱི་བསྒྲགས་བྱས་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ལྷ་སར་གནས་སྡོད་པ་ཞིག་ལ་དེའི་སྐོར་འདྲི་རྩད་བྱས་སྐབས། གནས་ཚུལ་དེ་བདེན་པ་ཡིན་པ་བརྗོད་པ་སྦྲགས་བོད་ནང་ཏོག་དབྱིབས་ནད་འབུའི་རིམས་ནད་ཐད་བརྒྱ་ཆ་བརྒྱ་ཐམ་པ་ཡག་པོ་ཞིག་རྟག་དཔྱད་གཏན་འཁེལ་ཐུབ་ཀྱི་མེད་པ་བརྟེན་རྒྱ་ནག་ནང་དུ་ནད་འབུ་མ་དཔེ་དེ་བསྐྱར་དུ་ཞིབ་དཔྱད་བྱེད་མུས་དང་། རྒྱ་ནག་ཝུའུ་ཧན་ནས་སླེབས་པའི་བོད་རིགས་སློབ་མ་ཚོ་སོ་སོའི་རང་ཁྱིམ་དུ་རྟོགས་ཞིབ་འོག་བསྡད་ཡོད་སྐོར་བརྗོད་ཡོད།
ད་ལྟའི་ཆར་རྒྱ་ནག་ཝུའུ་ཧན་གྱི་ཏོག་དབྱིབས་ནད་འབུའི་ནད་ཡམས་དེ་རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར་ཡོངས་དང་། གཞན་ཉུང་མཐར་ཕྱིའི་རྒྱལ་ཁབ་༡༦་ཙམ་གྱི་ནང་ཁྱབ་ཟིན་ཡོད་པ་རེད།

*གནས་ཚུལ་གསར་ཐོན་ཁ་སྣོན།
རྒྱ་ནག་གི་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། ཏོག་དབྱིབས་ནད་འབུ་གསར་བ་དང་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ཡོང་ཆེད་ཟི་ལིང་མེ་འཁོར་ས་ཚུགས་ཀྱིས་མེ་འཁོར་གཏོང་མཚམས་བཞག་པའི་གསལ་བསྒྲགས་སྤེལ་པའི་ནང་། འདི་ཚེས་༢༩་ཉིན་ནས་རིམ་པས་ཟི་ལིང་ནས་རྒྱ་མདོ་དང་། ན་གོར་མོ། གཏེར་ལེན་ཁ། ལྷ་ས། ཁྲེང་ཏུའུ། ཏུང་ཝན་ཤར། ཧའ་ཧྥེ་བཅས་བར་འགྲོ་མཁན་གྱི་མེ་འཁོར་གནས་སྐབས་གཏོང་མཚམས་བཞག་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎