ཏོག་དབྱིབས་ནད་འབུའི་འགོས་ནད་བྱུང་བའི་གྲངས་འབོར་(SARS)་ནད་ཡམས་ལས་བརྒལ་འདུག

2020-02-03
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་ཝུའུ་ཧན་གྲོང་ཁྱེར་གྱི་སྨན་ཁང་ཞིག་གི་ནང་། ༢༠༢༠།༡།༢༥
རྒྱ་ནག་ཝུའུ་ཧན་གྲོང་ཁྱེར་གྱི་སྨན་ཁང་ཞིག་གི་ནང་། ༢༠༢༠།༡།༢༥
Reuters

རྒྱ་ནག་ནང་ཏོག་དབྱིབས་ནད་འབུ་གསར་བའི་འགོས་ནད་བྱུང་བའི་གྲངས་འབོར་དེ་སྔ་(SARS)་ནད་ཡམས་བྱུང་བའི་ནད་པའི་གྲངས་འབོར་ལས་བརྒལ་འདུག
དེ་ཡང་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་ནད་འབུ་གསར་བ་དབྱིན་སྐད་དུ་(Coronavirus)་དེ་བཞིན་ཁྱབ་གདལ་ཆེ་རུ་ཕྱིན་ཏེ་དེ་སྔ་ཕྱི་ལོ་ ༢༠༠༣ ་ལོར་ཁྱབ་པའི་(SARS)་ཞེས་པའི་འགོས་ནད་དེ་ཕོག་མཁན་གྱི་གྲངས་ཚད་ལས་བརྒལ་གྱི་ཡོད་ལུགས་རྒྱ་ནག་དབུས་གཞུང་གི་འཕྲོད་བསྟེན་ལས་ཁུངས་ཀྱི་འབྲེལ་ཡོད་ཚོས་སྤྱི་བསྒྲགས་སྤེལ་འདུག
འདི་གའི་ཕྱི་ཟླ་ ༢ ་པའི་ཚེས་ ༣ ་གི་ཞོགས་པ་བར་། རྒྱ་ནག་ཏུ་མི་གྲངས་ ༡༧༣༤༡ ལྷག་ལ་ནད་ཡམས་དེ་འགོས་ཡོད་པ་གཏན་འཁེལ་བྱུང་བ་དང་། དེའི་ཁྲོད་ཀྱི་ནད་པ་མི་གྲངས་ ༣༦༡་གྲོངས་འདུག དེ་མིན་ད་དུང་མི་གྲངས་ ༢༡༥༥༨ ་ལྷག་ལ་ནད་ཡམས་དེ་འགོས་པའི་དོགས་པ་བྱེད་བཞིན་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱ་ནག་གཞུང་འབྲེལ་གསར་ལམ་དང་རྒྱལ་སྤྱིའི་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་གྲངས་ཐོ་ལྟར། བོད་མི་གནས་སྡོད་ལྗོངས་དང་ཞིང་ཆེན་ཁག་ལྔའི་ནང་ཏོག་དབྱིབས་ནད་འབུ་གསར་བའི་འགོས་ནད་བྱུང་བའི་ནད་པའི་གྲངས་འབོར་ནི། འདི་ཚེས་༣་བར་རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཁུལ་ལྷ་ས་གྲོང་ཁྱེར་ནང་ནད་པ་མི་གྲངས་གཅིག་དང་། མཚོ་སྔོན་ཟི་ལིང་དུ་༡༢ མཚོ་བྱང་ཁུལ་དུ་༡ སི་ཁྲོན་དཀར་མཛེས་སུ་༦ རྔ་བ་ཁུལ་དུ་༡ ཀན་ལྷོ་ཁུལ་དུ་གཅིག་བཅས་བྱུང་ཡོད་པ་རེད།
རྒྱ་ནག་གཞུང་འབྲེལ་(CCTV)་ཞེས་པའི་བརྙན་འཕྲིན་ནང་གནས་ཚུལ་སྤེལ་བར་གཞིགས་ན། འདི་ཚེས་༣་གཟའ་ཟླ་བའི་ཉིན་རྒྱ་ནག་གི་ཧུའུ་པེ་ཞིང་ཆེན་ནང་ཡོད་པའི་དམག་མིའི་རུ་ཁག་ནས་མི་མང་ལ་ཉིན་རེའི་དགོས་མཁོའི་རིགས་མཐུན་འགྱུར་སྦྱོར་སྤྲོད་བྱེད་མཁན་གྱི་ས་དམག་དང་། མཁའ་དམག་གི་དམག་མིའི་དཔོན་རིགས་ ༢༦༠ ་ཙམ་དང་། སྐྱེལ་འདྲེན་རླངས་འཁོར་༡༣༠ ་ཙམ་བཅས་གོ་སྒྲིག་གིས་ཉིན་རེའི་འཚོ་བའི་བཟའ་བཅའི་རིགས་མཁོ་སྤྲོད་བྱེད་བཞིན་པ་འཁོད་འདུག
རྒྱ་ནག་ཁྱོན་ཡོངས་དང་ལྷག་པར་དུ་ནད་ཡམས་དེ་ཐོག་མར་བྱུང་ཡུལ་དང་ཁྱབ་ཆེ་ཤོས་གྲོང་ཁྱེར་ཝུའུ་ཧན་ནང་གི་དམངས་ཚོགས་ཀྱིས་ཉིན་རེའི་བཟའ་བཅའི་རིགས་གསོག་སྒྲུབ་ཆེད་འཚང་ཁ་ཤིག་ཤིག་བྱེད་བཞིན་པ་དང་། ཝུའུ་ཧན་གྲོང་ཁྱེར་ནང་གི་སྨན་ཁང་གི་ལས་བྱེད་པ་ཚོས་དགོས་ངེས་ཀྱི་སྨན་ཁང་གི་མཐུན་རྐྱེན་ཞན་པས་དཀའ་ངལ་ཡོད་ལུགས་འགྲེལ་བརྗོད་བྱེད་བཞིན་ཡོད་འདུག
དེ་བཞིན་རྒྱལ་སྤྱིའི་ནང་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་དེ་རྒྱལ་ཁབ་༢༠་ཙམ་གྱི་ནང་ཁྱབ་ནས་ཁྱོན་ནད་པ་༡༠༠་ཙམ་ངོས་ཟིན་ཡོད་པར། ད་ཆ་ནད་ཡམས་དེ་འཛམ་གླིང་རང་བཞིན་གྱི་འཕྲོད་བསྟེན་ཐད་ཛ་དྲག་རིམས་ནད་ཡིན་པ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་གསལ་བསྒྲགས་སྤེལ་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།