རྒྱ་ནག་གིས་ནད་ཡམས་ཐད་ནོར་འཁྲུལ་དང་འཐུས་ཤོར་བཅས་ཀྱི་དཀའ་ངལ་འཕྲད་བཞིན་པ་ངོས་ལེན་བྱས་འདུག

2020-02-04
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་ཝུའུ་ཧན་གྲོང་ཁྱེར་གྱི་སྲང་ལམ་དུ་ནད་པ་གྲོངས་ཡོད་པ། ༢༠༢༠།༡།༣༠
རྒྱ་ནག་ཝུའུ་ཧན་གྲོང་ཁྱེར་གྱི་སྲང་ལམ་དུ་ནད་པ་གྲོངས་ཡོད་པ། ༢༠༢༠།༡།༣༠
AFP

མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་མཚོ་བྱང་ཁུལ་དུ་ཏོག་དབྱིབས་ནད་འབུ་གསར་བའི་འགོས་ནད་ཕོག་མཁན་ནད་པ་གསར་བ་གཉིས་བྱུང་ནས་ད་ཆ་བསྡོམས་མི་གྲངས་གསུམ་བར་འཕར་ཡོད་འདུག
དེ་ཡང་ཟླ་༢པའི་ཚེས་༣་ཉིན་བར་མཚོ་སྔོན་ཞིང་ཆེན་དུ་ཏོག་དབྱིབས་ནད་འབུ་གསར་བའི་འགོས་ནད་ཕོག་པའི་ནད་པ་བསྡོམས་མི་གྲངས་༡༥་ཐོན་ཡོད་པ་དང་། དེ་དག་ཟི་ལིང་གྲོང་ཁྱེར་ནས་ནད་པ་༡༢་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་ནད་པ་༣་བར་འཕར་ཡོད་པ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་བོད་ཡིག་དྲ་བའི་ཐོག་གནས་ཚུལ་སྤེལ་འདུག དེ་མིན་སི་ཁྲོན་ཞིང་ཆེན་ཁོངས་ཀྱི་དཀར་མཛེས་ཁུལ་ནང་ཏོག་དབྱིབས་ནད་པ་གསར་བ་གཉིས་ཐོན་ནས་ཁྱོན་བསྡོམས་ནད་པ་བརྒྱད་བྱུང་བའི་ཁྲོད་མི་བཞི་བོད་རིགས་ཡིན་པ་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱི་སྐད་འཕྲིན་ཐོག་ཕྱི་ཚེས་༤་ཉིན་གནས་ཚུལ་སྤེལ་ཡོད་པ་རེད། ཡང་གནས་ཚུལ་ནང་བཀོད་པ་ལྟར་ན། བོད་མི་བཞི་ནི། ལོ ༥༡ སོན་པའི་(降某)་འཇམ་ག་གེ་མོ་དང་། དཀར་མཛེས་རྟའུ་རྫོང་ནས་ཡིན་པའི་རང་ལོ་༥༡ སོན་པའི་(多某)་རྡོ་ག་གེ་མོ།   རང་ལོ་༥༡་སོན་པའི་(青某)་འཆི་ག་གེ་མོ། རང་ལོ་༣༦ སོན་པའི་(洛某)་བློ་ག་ག་མོ་བཅས་ཡིན། དེ་བཞིན་དཀར་མཛེས་ཁུལ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་གིས། ཕྱི་ཟླ་དང་པོའི་ཚེས་༢༩་ཉིན་སྤེལ་བའི་ཡིག་ཆ་ཞིག་གི་ནང་དུ། ཁུལ་སྨན་ཁང་དུ་ཉིན་རེར་ནད་པ་ཇེ་མང་འགྲོ་བ་དང་སྨན་བཅོས་མི་སྣ་མང་བ་སོགས་ལ་བརྟེན་ནས་སྤྱི་ཚོགས་སྟེང་ནས་སྨན་ཁང་དེར་ནད་རིགས་འགོག་སྲུང་ལྭ་བ་སོགས་ཡོ་ཆས་དང་། དེ་བཞིན་(N95)་ཁ་ཐུམ། སྨན་སྤྱོད་ཁ་ཐུམ་སོགས་ཀྱི་སྦྱིན་པ་གནང་བའི་འབོད་སྐུལ་བྱས་ཡོད་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱ་ནག་གཞུང་འབྲེལ་གསར་ལམ་དང་རྒྱལ་སྤྱིའི་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་གྲངས་ཐོ་ལྟར། བོད་མི་གནས་སྡོད་ལྗོངས་དང་ཞིང་ཆེན་ཁག་ལྔའི་ནང་ཏོག་དབྱིབས་ནད་འབུ་གསར་བའིའགོས་ནད་བྱུང་བའི་ནད་པའི་གྲངས་འབོར་ནི། འདི་ཚེས་༤་བར་རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཁུལ་ལྷ་ས་གྲོང་ཁྱེར་ནང་ནད་པ་མི་གྲངས་གཅིག་དང་། མཚོ་སྔོན་ཟི་ལིང་དུ་༡༢ མཚོ་བྱང་ཁུལ་དུ་༣ སི་ཁྲོན་དཀར་མཛེས་སུ་༨ རྔ་བ་ཁུལ་དུ་༡ ཀན་ལྷོའམ་མདོ་ལྷོ་ཁུལ་དུ་གཅིག་བཅས་བྱུང་ཡོད་པ་རེད།
གཞན་སྤྱི་ཡོངས་ནས་འདི་གའི་སྤྱི་ཟླ་ ༢ ་པའི་ཚེས་ ༤ ་ཉིན་གྱི་ཞོགས་པ་བར་། རྒྱ་ནག་ཏུ་མི་གྲངས་ ༢༠༧༠༤ ་ལྷག་ལ་ནད་ཡམས་དེ་འགོས་ཡོད་པ་གཏན་འཁེལ་བྱུང་བ་དང་། དེའི་ཁྲོད་ཀྱི་ནད་པ་མི་གྲངས་ ༤༢༧་གྲོངས་འདུག དེ་མིན་ད་དུང་མི་གྲངས་ ༢༣༢༡༤ ་ལྷག་ལ་ནད་ཡམས་དེ་འགོས་པའི་དོགས་པ་བྱེད་བཞིན་པ་རེད།
ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་རྒྱ་ཡན་དུ་ཁྱབ་གདལ་དུ་འགྲོ་བཞིན་པའི་གནས་སྟངས་འོག་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་རྒྱུན་ལས་ལྷན་ཁང་ནས་སྙན་ཐོ་ཞིག་བཏོན་པའི་ནང་དུ། ཏོག་དབྱིབས་ནད་འབུ་གསར་བ་འགོག་ཐབས་ཀྱི་ལས་དོན་ཁྲོད་དུ་ནོར་འཁྲུལ་དང་འཐུས་ཤོར་ཕྱིན་པ་བཅས་ཀྱི་དཀའ་ངལ་འཕྲད་བཞིན་པར། ང་ཚོས་རྒྱལ་ཡོངས་ཀྱི་ཛ་དྲག་གི་བཀོད་སྒྲིག་ལས་དོན་ལ་ཡར་རྒྱས་གཏོང་དགོས་པའི་ཁར། ཛ་དྲག་པོ་དང་ཉེན་ཚབས་ཅན་ཀྱི་ལས་དོན་སེལ་ཐབས་ཀྱི་ནུས་པའང་ཡར་རྒྱས་གཏོང་དགོས་ཞེས་བཀོད་ནས་ནོར་འཁྲུལ་དང་འཐུས་ཤོར་ཕྱིན་པ་བཅས་ཀྱི་དཀའ་ངལ་འཕྲད་བཞིན་པ་ངོས་ལེན་བྱས་ཡོད་པ་དང་། དེ་འདྲ་རྒྱ་ནག་གོང་རིམ་ནས་ཐད་ཀར་སྙན་ཐོའི་ནང་བཀོད་དེ་ངོས་ལེན་ཞུས་པ་དེ་ནི་ཧ་ཅང་དཀོན་པོ་ཡིན་པ་རེད།
ད་དུང་གོང་ཞུས་སྙན་ཐོའི་ནང་དུ་ཁྲིམས་འགལ་བའི་རི་སྐྱེས་སྲོག་ཆགས་ཚོང་གཉེར་བྱེད་བཞིན་པའི་ཁྲོམ་རྭར་ཚབས་ཆེན་པོ་སྒོ་ནས་བཀག་སྡོམ་དགོས་པའི་བཀའ་རྒྱ་བཏང་ཡོད་པ་རེད། དེ་ནི་དེ་འདྲའི་ཁྲོམ་རྭ་ཞིག་ནས་ཏོག་དབྱིབས་ནད་འབུ་དེ་བྱུང་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་པ་རེད། དེའང་སྙན་ཐོའི་ནང་བཀོད་པར་གཞིགས་ན། ཚོང་ཁྲོམ་ཁག་གི་ཐོག་ལྟ་རྟོག་གི་ལས་དོན་ཤུགས་ཆེན་སྤེལ་རྒྱུ་དེ་ནི་དགོས་ངེས་ཅན་ཞིག་ཆགས་ཡོད་པ་དང་། ཁྲིམས་འགལ་བའི་རི་སྐྱེས་སྲོག་ཆགས་ཀྱི་ཚོང་ཁྲོམ་དང་ཚོང་གཉེར་བཅས་ཀྱི་ཐོག་ལ་དྲག་གནོན་ཚབས་ཆེན་བྱེད་དེ་བློ་རྩ་བརྟན་པོ་སྒོས་བཀག་སྡོམ་བྱེད་དགོས་ཞེས་བཀོད་ཡོད་པ་རེད།
ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་དེ་ཐོག་མར་ཁྱབ་གདལ་འགྲོ་གི་ཡོད་པར་རྒྱ་ནག་ཝུའུ་ཧན་(Wuhan)་གྲོང་ཁྱེར་ནང་གི་སྨན་པ་ཞིག་གིས་ཤེས་རྟོགས་ཀྱིས། དེ་ཉིན་ལོ་མཇུག་གི་སྤྱི་ཟླ་༡༢་ནང་ཁོའི་ལས་གྲོགས་ཚོར་ཉེན་བརྡའི་ཚུལ་དུ་གླེང་མོལ་བྱས་ཡོད་ནའང་། རྒྱ་ནག་གཞུང་གིས་དེ་ནི་ཁྲིམས་འགལ་བའི་ལས་འགུལ་ཞིག་ཡིན་ཞེས་བརྗོད་དེ་ཁོང་ལ་དཀྲོག་གཏམ་སྤེལ་མཁན་ཞིག་ཡིན་པ་ཉེས་འཛུགས་ཀྱིས་ཁོང་ཐེ་བའི་མི་བརྒྱད་འཇུ་བཟུང་བྱས་པའི་གནས་ཚུལ་བྱུང་ཡོད་པ་དང་། དེ་ནས་རྒྱ་ནག་གཞུང་གིས་ནད་ཡམས་དེ་ཁྱབ་གདལ་ཤུགས་ཆེ་འགྲོ་མིན་ལ་མ་ལྟོས་པར། གནས་ཚུལ་མུ་མཐུད་སྦེད་གསང་བྱེད་ཐབས་བྱས་པ་སོགས་ལ་མི་དམངས་ནས་སྐྱོན་བརྗོད་བྱས་ཡོད་པ་རེད། ད་ཆ་ནད་འབུ་དེ་འཛམ་གླིང་གི་རྒྱལ་ཁབ་ཁག་ཉི་ཤུ་ལྷག་ལ་ཁྱབ་ནས་ཧོང་ཀོང་ནང་ནད་དུག་ཕོག་མཁན་མི་༡༥་བྱུང་པའི་ཁྲོད་གཅིག་གཟའ་མིག་དམར་ཉིན་གྲོངས་ཡོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།