བོད་ཀྱི་ལོ་སར་དང་འབྲེལ་བའི་སྲོལ་རྒྱུན་བྱེད་སྒོ་རིགས་མཚམས་འཇོག་བྱེད་རྒྱུ་ཡིན་འདུག

2020-02-10
གློག་འཕྲིན།
མཆན།
Share
པར་བཀོད།
བླ་བྲང་དགོན་པར་ཏོག་དབྱིབས་ནད་འབུ་འགོག་རྒོལ་ཆེད་ཞལ་འདེབས་ཕུལ་བའི་བྱེད་སྒོ། ༢༠༢༠།༢
བླ་བྲང་དགོན་པར་ཏོག་དབྱིབས་ནད་འབུ་འགོག་རྒོལ་ཆེད་ཞལ་འདེབས་ཕུལ་བའི་བྱེད་སྒོ། ༢༠༢༠།༢
བོད་འབྱོར།

བོད་དཀར་མཛེས་ཁུལ་དང་ཀན་ལྷོ་ཁུལ་དུ་ཏོག་དབྱིབས་ནད་འབུ་གསར་བའི་འགོས་ནད་ཕོག་མཁན་གྱི་ནད་པ་ཇེ་མང་དུ་སོང་འདུག
དེ་ཡང་རྒྱ་ནག་གི་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། འདི་ཚེས་ ༡༠་ཉིན་བར་དཀར་མཛེས་ཁུལ་དུ་ཏོག་དབྱིབས་ནད་འབུ་གསར་བའི་ནད་པ་ ༢༣ ་བར་འཕར་ཡོད་པ་དང་། དེའི་ཁྲོད་མང་ཆེ་བ་རྟའུ་རྫོང་ཁོངས་ནས་ཡིན་པ་རེད། ཁོང་ཚོའི་མིང་དང་གནས་ཡུལ་བལྟས་ན་མ་མཐའ་ཡང་མི་ ༡༥ ་བོད་རིགས་པ་ཚོད་དཔག་བྱེད་ཐུབ། གཞན་མདོ་ལྷོའམ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ཏོག་དབྱིབས་ནད་འབུ་གསར་བའི་ནད་པ་༦་བར་འཕར་འདུག
དེ་ལྟར་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱ་ནག་གཞུང་འབྲེལ་གསར་ལམ་དང་གཞན་གསར་ལམ་ཁག་གི་གྲངས་ཐོ་ཞིབ་འཇུག་མཉམ་བསྡུར་བྱས་བ་ལྟར། འདི་གའི་ཚེས་ ༡༠ ་ཉིན་བར་བོད་མི་གནས་སྡོད་ལྗོངས་དང་ཞིང་ཆེན་ཁག་ལྔའི་ནང་ཏོག་དབྱིབས་ནད་འབུ་གསར་བའི་འགོས་ནད་བྱུང་བའི་ནད་པའི་གྲངས་འབོར་ནི། རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཁུལ་ལྷ་ས་གྲོང་ཁྱེར་ནང་ནད་པ་མི་གྲངས་ ༡ དང་། མཚོ་སྔོན་ཟི་ལིང་དུ་ ༡༥ མཚོ་བྱང་ཁུལ་དུ་ ༣ སི་ཁྲོན་དཀར་མཛེས་ཁུལ་དུ་༢༣ རྔ་བ་ཁུལ་དུ་ ༡ ཀན་ལྷོའམ་མདོ་ལྷོ་ཁུལ་དུ་ ༦ བཅས་བྱུང་ཡོད་པ་རེད།
དེ་བཞིན་གནས་ཚུལ་ལྟར་ན། མདོ་སྟོད་སྨད་ཕྱོགས་ཀྱི་དགོན་སྡེ་ཁག་དུ་ཏོག་དབྱིབས་ནད་འབུ་གསར་བའི་ནད་སྔོན་འགོག་ཆེད་སྨོན་ལམ་ཆེན་མོ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་རིགས་འཚོགས་མེད་པ་དང་། ད་ལྟ་ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ནས། ཟླ་བ་༢་པའི་ཚེས་༧་ཉིན་གསལ་བསྒྲགས་སྤེལ་ནས། བོད་ཀྱི་གདན་ས་སེ་རའི་ཕུར་མཇལ་དང་། མཚུར་ཕུ་དགོན་གྱི་སྒར་ཆེན་དགུ་གཏོར། ལྷ་ལྡན་གཙུག་ལག་ཁང་དང་ར་མོ་ཆེའི་ལོ་གསར་ཚེས་གཅིག་གི་ཆོས་མཇལ། འབྲས་སྤུངས་དགོན་གྱི་ཚེས་གཉིས་ཀྱི་གནས་ཆུང་ལྷ་གསོལ་སོགས་མི་དམངས་མང་ཚོགས་འདུ་འཛོམས་བྱེད་པའི་བོད་ཀྱི་ལོ་སར་དང་འབྲེལ་བའི་སྲོལ་རྒྱུན་གྱི་འཆར་ཅན་ཆོས་ལུགས་བྱེད་སྒོ་ཁག་དང་། ལོ་གསར་སྔོན་དང་ལོ་གསར་རིང་གི་དད་ལྡན་མང་ཚོགས་འདུ་འཛོམས་བྱེད་པའི་སྲོལ་རྒྱུན་ཆོས་ལུགས་བྱེད་སྒོ་མཚམས་འཇོག་བྱེད་རྒྱུ་ཡིན་པ་བསྒྲགས་འདུག
གཞན་སྤྱི་ཡོངས་ནས་འདི་གའི་སྤྱི་ཟླ་ ༢ པའི་ཚེས་ ༡༠ ་ཉིན་གྱི་ཞོགས་པ་བར། རྒྱ་ནག་ནང་མི་གྲངས་ ༤༠༦༧༣ ལྷག་ལ་ནད་ཡམས་དེ་འགོས་ཡོད་པ་གཏན་འཁེལ་བྱུང་བ་དང་། དེའི་ཁྲོད་ཀྱི་ནད་པ་མི་གྲངས་ ༩༡༠ ་གྲོངས་ཡོད་འདུག

*གནས་ཚུལ་གསར་ཐོན་ཁ་སྣོན།
དཀར་མཛེས་ཁུལ་ཁོངས་ཀྱི་རྟའུ་རྫོང་གཅིག་པོར་འདི་ཚེས་༡༠་བར་ཏོག་དབྱིབས་ནད་འབུ་གསར་བ་འགོས་ཡོད་པའི་ནད་པ་མི་གྲངས་༡༨་བར་འཕར་ཡོད་པ་དང་། ས་གནས་སུ་ཁ་རས་རྫོགས་ནས་མི་རག་པ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་པ་རེད། གནས་སྟངས་དེའི་འོག་ས་གནས་སུ་ཡུལ་མི་སྒེར་དང་། དགོན་སྡེ་ཁག་གཅིག་གིས་ཁ་རས་བཟོས་ནས་དམངས་ཚོགས་ལ་དཀྲམ་བཞིན་པ་དང་། རྟའུ་རྫོང་གསེར་ཁ་ཡུལ་ཚོའི་ཉི་འོད་བཤད་སྒྲུབ་བསྟན་པའི་ཆོས་གླིང་དགོན་པས་ཁ་རས་༢༥༠༠་ལྷག་བཟོས་ནས་གྲོང་སྡེ་སོ་སོར་དཀྲམ་འདུག་ལ་དེར་ས་གནས་མི་མང་གིས་ཞལ་འདེབས་ཕུལ་འདུག
ད་སྐབས་རྟའུ་རྫོང་དུ་སྨན་ཁང་ནང་ཏོག་དབྱིབས་འགོས་ནད་ཕོག་ཡོད་མེད་བརྟག་དཔྱད་བྱེད་བཞིན་པ་མི་གྲངས་༡༥༢་ཡོད་འདུག་ལ་རྟའུ་རྫོང་ཁོངས་ཀྱི་གྲོང་ཚོ་ཁག་བར་ཕྱི་ཕྱོགས་དང་འབྲེལ་བ་མེད་པ་བཟོས་འདུག ད་སྐབས་རྟའུ་རྫོང་ཕྱོགས་སུ་དཀའ་ངལ་ཆེ་ཤོས་ནི། ས་གནས་མང་ཚོགས་ལ་མཁོ་བའི་ཉིན་རེའི་དངོས་ཟོག་དང་། དམིགས་བསལ་ཁ་རས་དང་དུག་སེལ་ཡོ་བྱད་སོགས་མ་འདང་བའི་དཀའ་ངལ་དང་། དེ་མིན་སྨན་དང་དངོས་ཟོག་རྒྱ་ནག་གི་གྲོང་ཁྱེར་ཁྲུན་ཏུའུ་ལ་དུས་ཐོག་ཏུ་འབྱོར་ཐུབ་ཀྱི་མེད་པ་སོགས་རེད་འདུག
སྤྱི་ལོ་༢༠༡༡་ལོར་ཞིབ་བཤེར་བྱས་པའི་མི་འབོར་ལ་གཞིགས་ན། རྟའུ་རྫོང་དུ་ཁྱོན་མི་འབོར་༥༥༢༩༠་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་ནང་གཞུང་ཕྱོགས་ཀྱི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བར་གཞིགས་ན། གཞུང་གིས་འབོད་སྐུལ་བྱས་པ་བརྒྱུད་དགོན་སྡེ་ཁག་ནས་ཝུའུ་ཧན་ལ་རོགས་དངུལ་ཞལ་འདེབས་ཕུལ་ཡོད་པའི་འདྲ་པར་དང་གནས་ཚུལ་མང་པོ་ཐོན་བཞིན་ཡོད་པ་དང་། པེ་ཅིང་དུ་ཡོད་པའི་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས། ཞལ་འདེབས་དེ་ལས་ཁག་ཅིག་ད་ལྟ་དགོས་མཁོ་ཧ་ཅང་ཆེ་བའི་ཁམས་རྟའུ་རྫོང་དུ་བགོ་ཐུབ་པ་ཡིན་ཚེ་ཕན་ཐོགས་ངེས་ཅན་ཡོང་རྒྱུ་ཡིན་པ་ངོ་དེབ་བརྒྱུད་སྤེལ་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།