ལ་དྭགས་སུ་བོད་མི་༣༠་ཙམ་ལ་ཏོག་དབྱིབས་ནད་ཡམས་འགོས་ཡོད་པའི་ནད་རྟགས་ཐོན་འདུག

2020-08-26
གློག་འཕྲིན།
མཆན།
Share
པར་བཀོད།
ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་བོད་ཁྱིམ་རྒན་གསོ་ཁང་གི་སྒོ་ཆེན། ༼ཟླ་ཚེས་མི་གསལ
ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་བོད་ཁྱིམ་རྒན་གསོ་ཁང་གི་སྒོ་ཆེན། ༼ཟླ་ཚེས་མི་གསལ
དྲ་བཤུས། /VOT

རྒྱ་གར་བྱང་ཕྱོགས་ལ་དྭགས་བོད་མིའི་གཞིས་ཆགས་ཀྱི་རྒན་གསོ་ཁང་དུ་བོད་མི་༣༠་ལ་ཏོག་དབྱིབས་ནད་ཡམས་འགོས་བའི་ནད་རྟགས་ཐོན་ཡོད་པ་དང་ཁ་ཤས་ཀྱི་གནས་སྟངས་ཛ་དྲག་ཡིན་འདུག
རྒྱ་གར་བྱང་ཕྱོགས་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་བོད་ཁྱིམ་རྒན་གསོ་ཁང་དུ། སྤྱི་ཟླ་༨་པའི་ཚེས་༢༥་ཉིན་བརྟག་དཔྱད་ཀྱི་གྲུབ་དོན་དུ། བོད་མི་རྒན་རྒོན་༣༠་ལ་རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་འགོས་ཡོད་པའི་གནས་ཚུལ་ཐོན་ཡོད་ཅིང་། ཏོག་དབྱིབས་ནད་ཡམས་འགོས་ཟིན་པའི་རྒན་རྒོན་ཚོ་བོད་ཁྱིམ་གྱི་སྡོད་ཁང་དུ་ཟུར་བཀག་བཞག་ཡོད་ནའང་། རྒན་རྒོན་གཅིག་གི་གནས་སྟངས་ཛ་དྲག་ཆགས་ཏེ་ཏོག་དབྱིབས་གསར་བའི་ནད་ཡམས་སྨན་བཅོས་བྱེད་སའི་སྨན་ཁང་དུ་བཞག་ཡོད་པ་དང་། ཁ་ཤས་ཀྱི་གནས་སྟངས་ཛ་དྲག་ཏུ་འགྱུར་ཉེན་ཡོད་པ་ལ་དྭགས་ས་གནས་འགོ་འཛིན་ཚེ་བརྟན་དབང་ཕྱུག་ལགས་ནས་འགྲེལ་བརྗོད་གནང་གི་འདུག
ལ་དྭགས་བོད་ཁྱིམ་གྱི་རྒན་གསོ་ཁང་དུ་སྨན་ཞབས་དང་ལས་བྱེད། མ་བྱན་སོགས་ཀྱིས་ལས་བགོས་དང་རེས་མོས་ཀྱིས་ཕྱག་ལས་གནང་གི་ཡོད་ཅིང་། ཨ་མ་ལགས་ཤིག་ལ་དྭགས་སླེ་རུ་བགྲེས་སོང་ཞིག་ལ་ཞབས་ཕྱི་གནང་བར་ཕེབས་པ་དང་ཆབས་ཅིག ཚུར་རྒན་གསོ་ཁང་དུ་ཡོང་ནས་ཉིན་གྲངས་བཅུ་བཞི་ཙམ་གྱི་རིང་བགྲེས་སོང་ཚོར་ཞབས་གཡོག་གནང་ཡོད་ནའང་། རིམ་པས་ཏོག་དབྱིབས་གསར་བའི་ནད་རྟགས་མངོན་གསལ་ཅན་ཐོན་ཡོད་པར་བརྟེན། བརྟག་དཔྱད་གནང་སྐབས་ཏོག་དབྱིབས་ནད་ཡམས་ཕོག་པ་གསལ་བོ་ཆགས་ཡོད་པ་མ་ཟད། ཁོང་མོའི་ཞབས་ཞུ་གནང་སའི་བགྲེས་སོང་ཚོར་བརྟག་དཔྱད་སྐབས་ཀྱང་དེ་ལྟར་བགྲེས་སོང་༣༠་ལ་ནད་ཡམས་དེ་འགོས་ཡོད་པའི་ནད་རྟགས་ཐོན་པ་ཡང་ས་གནས་འགོ་འཛིན་ནས་འགྲེལ་བརྗོད་གནང་གི་འདུག
དེ་ནི་ཐོག་མའི་ཆར་ནད་པ་ལ་འབྲེལ་བྱུང་བ་མི་༣༣་ལ་བརྟག་དཔྱད་ཀྱིས་ཏོག་དབྱིབས་གསར་བའི་ནད་རྟགས་ཡོད་པ་༡༡་ཐོན་ཡོད་པ་དང་། དེའི་རྗེས་རྒན་གསོ་ཁང་གི་མི་༦༠་ལྷག་ལ་བརྟག་དཔྱད་གནང་བ་བརྒྱུད། ཏོག་དབྱིབས་གསར་བའི་ནད་རྟགས་ཡོད་པ་༣༠་ཐོན་ཡོད་པ་རེད་འདུག
སྤྱིར་བཏང་རྒན་གསོ་ཁང་དེར་བགྲེས་སོང་ཚོར་སོ་སོ་ལ་ཁང་པ་ཡོད་པ་སོགས། གནས་སྟངས་ཡག་པོ་ཡོད་ནའང་། ཨ་མ་ལགས་དེར་ནད་ཡམས་འགོས་ཡོད་པ་མ་ཤེས་པར་ཞབས་གཡོག་རྒྱུག་ནས་འགོས་ཁྱབ་སོང་ཡོད་ཅིང་། ད་ཆ་བོད་ཁྱིམ་སྡོད་ཁང་དུ་ཁང་པ་རེ་ལ་བགྲེས་སོང་གཉིས་རེ་བཞག་སྟེ། ཏོག་དབྱིབས་ནད་ཡམས་འགོས་ཟིན་པ་ཚོ་དམིགས་བསལ་ཟུར་བཀག་ཏུ་བཞག་ནས། ས་གནས་འགོ་འཛིན་གྱི་ཐོག་ནས་མཐུན་རྐྱེན་གང་ཐུབ་སྦྱར་བསྡད་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག་ཅིང་། རྒྱ་གར་བྱང་ཕྱོགས་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ། དེ་སྔ་ཏོག་དབྱིབས་ནད་ཡམས་འགོས་ཟིན་པའི་བོད་མི་གསུམ་ཡོད་པ་རྣམས། རིམ་པས་དྲག་སྐྱེད་ཡོང་བཞིན་པ་ཡིན་ནའང་། ད་ལན་གློ་བུར་དུ་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཆེན་པོ་ཤོར་ཡོད་པ་རེད།
སྤྱི་ལོ་༢༠༡༩་ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་། ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་དེ་ཐོག་མར་རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་ནས་མཆེད་པ་ནས་བཟུང་། ད་བར་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་གྲུ་༢༡༠་ལྷག་གི་ནང་ཁྱབ་གདལ་ཕྱིན་ནས། འདི་ཚེས་༢༦་བར་འཛམ་གླིང་ཡོངས་སུ་ནད་པ་མི་གྲངས་༢༤༡༠༦༡༨༤་བྱུང་བའི་ཁྲོད། ནད་པ་མི་གྲངས་༨༢༤༣༡༣་ལྷག་རྐྱེན་འདས་སུ་ཕྱིན་ཡོད་པར། ད་ཆ་ནད་པ་མང་ཤོས་ཨ་མི་རི་ཀ་དང་། བྷིར་ཛལ། རྒྱ་གར། ཨུ་རུ་སུ། ལྷོ་ཨ་ཧྥེ་རི་ཀ པེ་རོའུ་སོགས་ཡིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།