དགའ་ལྡན་ཤར་རྩེ་གྲྭ་ཚང་གི་དགེ་འདུན་པ་༢༧་ལ་ཏོག་དབྱིབས་ནད་ཡམས་འགོས་འདུག

2020-09-09
གློག་འཕྲིན།
མཆན།
Share
པར་བཀོད།
དགའ་ལྡན་ཤར་རྩེ་གྲྭ་ཚང་གི་དགེ་འདུན་པ་ཚོས་ཏོག་དབྱིབས་ནད་ཡམས་སྔོན་འགོག་དང་དུག་སེལ་བྱེད་བཞིན་པ། ༢༠༢༠།༦
དགའ་ལྡན་ཤར་རྩེ་གྲྭ་ཚང་གི་དགེ་འདུན་པ་ཚོས་ཏོག་དབྱིབས་ནད་ཡམས་སྔོན་འགོག་དང་དུག་སེལ་བྱེད་བཞིན་པ། ༢༠༢༠།༦
GSA/FB

རྒྱ་གར་ལྷོ་ཕྱོགས་མོན་གྷོ་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ཀོ་ཝིཌ་༡༩་ཏོག་དབྱིབས་རིམས་ནད་ཕོག་མཁན་དགེ་འདུན་པ་༢༧་ཙམ་བྱུང་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ཟླ་ ༩་ཚེས་ ༡་ཉིན་ཤར་རྩེ་གྲྭ་ཚང་གི་དགེ་འདུན་པ་ཞིག་མོན་གྷོ་གཞིས་ཆགས་བོད་མིའི་སྤྱི་པའི་སྨན་ཁང་དུ་བརྟག་དཔྱད་གནང་པར་ཕེབས་སྐབས་ཏོག་དབྱིབས་ནད་ཡམས་འགོས་ཡོད་པ་ཤེས་རྟོགས་བྱུང་རྗེས། ཁོང་དང་འབྲེལ་བ་བྱུང་བའི་དགེ་འདུན་པ་བརྒྱ་སྐོར་ཞིག་ལ་བརྟག་དཔྱད་ཞུས་འབྲས་སུ་མི་གཉིས་ལ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་ཤེས་རྟོགས་བྱུང་འདུག དེའི་རྗེས་ཤར་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་དང་ཕྱག་མཛོད་རྣམ་པས་དམིགས་བསལ་ཛ་དྲག་གི་ཐུགས་འཁུར་བཞེས་གནང་གིས་གྲྭ་ཚང་གི་དགེ་འདུན་པ་ཞལ་གྲངས་ ༤༤༡ ་ལ་ཕྱི་ཚེས་༢་དང་༣་སོ་སོར་བརྟག་དཔྱད་ཞུས་འབྲས་སུ། དགེ་འདུན་པ་ ༢༡ ་ལ་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་བྱུང་བ་ར་འཕྲོད་བྱུང་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་མཚན་འབོད་གནང་འདོད་མེད་པའི་ཤར་རྩེ་གྲྭ་ཚང་གི་ལས་བྱེད་མཐོ་གྲས་ཤིག་གིས་འགྲེལ་བརྗོད་གནང་པར་གཞིགས་ན། ད་ལྟའི་སྐབས་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་དགེ་འདུན་པ་༡༢༠༠་ནས་ ༡༣༠༠ ་བར་ཡོད་པ་ཡོངས་རྫོགས་ལ་ཏོག་དབྱིབས་རིམས་ནད་ཡོད་མེད་བརྟག་དཔྱད་ཞུ་རྒྱུ་ཡིན་འདུག་ཅིང་། དགེ་འདུན་པ་ ༤༤༡ ་ལ་བརྟག་དཔྱད་ཞུས་ཟིན་ནས་འཕྲོས་དགེ་འདུན་པ་ཞལ་གྲངས་ ༨༠༠ ་ལྷག་ལ་བརྟག་དཔྱད་ཞུ་རྒྱུའི་ཆེད་སྨན་གྱི་ཡོ་བྱད་ལྡི་ལི་ནས་འབྱོར་རྒྱུ་ངང་སྒུག་གནང་བཞིན་ཡོད་འདུག
ད་ལྟའི་ཆར་ནད་ཡམས་དེ་ཕོག་པའི་དགེ་འདུན་པ་ ༦ ་ས་གནས་བོད་མིའི་སྨན་ཁང་ནང་སྨན་བཅོས་ཐོབ་མུས་ཡིན་འདུག་པ་དང་། དེ་འཕྲོས་དགེ་འདུན་པ་ ༢༡ ་ཤར་རྩེ་གྲྭ་ཚང་གི་ཆོས་རྭའི་འོག་གི་ཁང་པ་ཁག་གི་ནང་ཟུར་བཀག་དུ་གནས་མུས་ཡིན་འདུག ཏོག་དབྱིབས་རིམས་ནད་ཕོག་པའི་དགེ་འདུན་པ་དེ་དག་ཡོངས་རྫོགས་ལོ་གཞོན་ཤ་སྟག་ཡིན་འདུག ནད་ཡམས་འགོས་ཁྱབ་ཆེ་ཆེར་མི་འགྲོ་བའི་ཆེད་ཤར་རྩེ་གྲྭ་ཚང་གི་ལས་ཀྱི་སྣེ་མོ་བ་རྣམས་ཀྱིས་གྲྭ་ཚང་གི་སྤྱི་ཐབ་ཀྱང་སྒོ་བསྐྱོན་ནས་དགེ་འདུན་པ་ཚོར་གཟའ་འཁོར་གཉིས་ཙམ་འདེང་བའི་སྐམ་ཟས་འགོ་འགྲེམ་གནང་འདུག ཤར་རྩེ་གྲྭ་ཚང་གི་ངོས་ནས་དཔལ་འབྱོར་གི་སྐུ་ངལ་ཡོད་མིན་ལ་མ་བལྟོས་པར་དགེ་འདུན་པ་ཚོའི་སྐུ་གཟུགས་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་གནད་དོན་ཐད་གྲྭ་ཚང་གི་ངོས་ནས་ག་རེ་གནང་དགོས་ཀྱང་གནང་རྒྱུ་ཡིན་པ་འདི་ག་རླུང་འཕྲིན་ཁང་ལ་ཤར་རྩེ་གྲྭ་ཚང་གི་མཐོ་རིམ་ལས་བྱེད་དགེ་འདུན་པ་དེས་འགྲེལ་བརྗོད་གནང་གི་འདུག ད་དུང་ཁོང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ཁག་ཚུལ་བཞིན་ལག་བསྟར་ཞུ་མཁན་གྱི་གྲྭ་ཚང་འདིར་འདི་ལྟ་བུའི་གནས་ཚུལ་བྱུང་བཞིན་པ་ནི། བློ་ཕམ་ཆེན་པོའི་རང་བཞིན་ཞིག་ཡིན་ཡང་། ཕྱོགས་གཞན་ཞིག་ནས་མཁན་བླ་དགེ་འདུན་པ་ཡོངས་ནས་གྲྭ་ཚང་ལ་འཕྲད་པའི་རྐྱེན་ངན་པ་འདིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་བགེགས་བར་གྱི་མཚན་མ་མཐའ་དག་ཞི་བ་དང་། འཛམ་གླིང་ནང་དཀའ་ངལ་ཅི་ཆེ་བཟོ་བཞིན་པའི་ནད་ཡམས་འདི་མགྱོགས་ནས་མྱུར་དུ་ཞི་བའི་ཐུགས་སྨོན་ཡང་གནང་བཞིན་ཡོད་པ་གསུངས་བྱུང་།

མཆན། (0)
Share
དྲ་གནས་ཆ་ཚང༌།