༧གོང་ས་མཆོག་གིས་ཐུགས་རྗེ་ཆེན་པོའི་དབང་ཆེན་སྩལ་གནང་མཛད་གཏན་འཁེལ་འདུག


2020-05-18
Share
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག 2020/5 བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག 2020/5
OHHDL

རིང་མིན་བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་ཐུགས་རྗེ་ཆེན་པོའི་དབང་ཆེན་སྩལ་གནང་མཛད་གཏན་འཁེལ་འདུག
ཟླ་བ་འདི་ཚེས་༡༨་རེས་གཟའ་ཟླ་བའི་ཉིན། དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གསལ་བསྒྲགས་ཤིག་སྤེལ་བ་ལྟར་ན། འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་དད་ལྡན་མང་ཚོགས་རྣམས་ཀྱིས་ཇི་ལྟར་གསོལ་བ་འདེབས་དོན་ལྟར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་བཞུགས་སྒར་རྡ་རམ་སཱ་ལའི་རྒྱལ་བའི་ཕོ་བྲང་ནས་བརྙན་འཕྲིན་དྲ་ལམ་བརྒྱུད། སྤྱི་ཟླ་ ༥ ་སྤྱི་ཚེས་ ༣༠ ་དང་ ༣༡ ་བཅས་ཉིན་གཉིས་ཀྱི་རིང་། རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ་པ་ནས་ཐུགས་རྗེ་ཆེན་པོའི་དབང་ཆེན་བསྩལ་གཏན་འཁེལ་ཡོད་པ་དང་། དད་ལྡན་དོན་གཉེར་ཅན་རྣམས་ནས་དུས་ཐོག་ཏུ་༧གོང་ས་མཆོག་གི་བོད་དབྱིན་རྒྱ་སོགས་ཀྱི་སྐད་ཡིག་དུ་མའི་དྲ་ཚིགས་ནས་མཇལ་ཐུབ་པ་བཀོད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་དགའ་ལྡན་ཕོ་བྲང་གི་རྒྱལ་བའི་གསུང་འབུམ་ཕྱོགས་སྒྲིག་སྡེ་ཚན་གྱི་འགན་འཛིན་ཡང་སྟེང་རིན་པོ་ཆེ་མཆོག་ལ་གོང་ཞུས་གནས་ཚུལ་འདི་དང་འབྲེལ་བའི་སྐོར་བཅར་འདྲི་ཞུས་སྐབས། ཡང་སྟེང་རིན་པོ་ཆེ་མཆོག་གིས། སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོའི་བཀའ་དབང་ནི་བོད་གངས་ཅན་ལྗོངས་ཀྱི་བོད་འབངས་ཡོངས་དང་དམིགས་བསལ་གྱི་འབྲེལ་བ་ཡོད་ཅེས་དང་། ད་ཆ་གཉན་འཕྲང་ཆེ་བའི་དུས་སྐབས་སུ་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས་པ་ཡིན་ན་ཕན་ཐོགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག
གཞི་རྩའི་ཆ་ནས་བོད་ཟླ་བཞི་པ་ས་ག་ཟླ་བའི་སྐབས་སུ། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མཆོག་གི་རྗེས་འབྲང་པ་ཚོས་དགེ་བའི་ལས་ལ་བརྩོན་ནས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྣེ་མང་ཞིག་སྤེལ་གྱི་ཡོད་པ་བཞིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ལོ་ལྟར་དུས་ཚིགས་ཁྱད་པར་ཅན་འདིར་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་སྐྱོང་པའི་ཐོག་ཐུགས་རྗེ་ཆེན་པོའི་བཀའ་དབང་གནང་སྲོལ་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།