རྡ་རམ་སཱ་ལ་ཐེ་བའི་རྫོང་ཁག་བཞིའི་ནང་མཚན་མོར་འགྲོ་བསྐྱོད་མི་ཆོག་པའི་ཁྲིམས་གཞི་སྡམ།
2020.11.23
རྒྱ་གར་རྡ་རམ་སཱ་ལ་ཐེ་བའི་ཀང་ར་རྫོང་སོགས་ཧི་མ་ཅཱལ་མངའ་སྡེའི་རྫོང་ཁག་བཞིའི་ནང་ནད་ཡམས་ཁྱབ་གདལ་སྔོན་འགོག་ཆེད་མཚན་མོ་འགྲོ་བསྐྱོད་མི་ཆོག་པའི་ཁྲིམས་གཞི་སྡམ་ཡོད་འདུག
རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ནང་ཡོད་པའི་བཞུགས་སྒར་རྡ་རམ་སཱ་ལ་ཆགས་ཡུལ་ཀང་ར་རྫོང་དང་། གཞན་ཡང་སིམ་ལ། མན་རྡི། ཀུ་ལུ་བཅས་རྫོང་ཁག་བཞིའི་ནང་། བར་ལམ་ནས་(covid 19)ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཆེ་རུ་ཕྱིན་པའི་རྐྱེན། འདི་ཚེས་༢༤ནས་འགོ་འཛུགས་ཀྱིས་ཕྱི་ཟླ་༡༢ཚེས་༡༥བར་མཚན་མོ་ཚོུད་༨ནས་སྔ་དྲོའི་ཚོུད་༦ བར་འགྲོ་སྐྱོད་མི་ཆོག་པའི་ཁྲིམས་གཞི་སྡམ་ཡོད་པ་མ་ཟད། མངའ་སྡེའི་ནང་སློབ་གྲྭ་ཁག་ཕྱི་ཟླ་༡༢ཚེས་༣༡བར་སྒོ་རྒྱག་རྒྱུ་ཡིན་ཡང་། འཛིན་རིམ་དགུ་པ་ནས་བཅིུས་བར་ཚོགས་ཆོག་གི་ཡོད་འདུག ལས་ཁུངས་ཁག་བརྒྱ་ཆ་ལྔ་བཅུ་རེས་མོས་བྱས་ནས་ཚོགས་རྒྱུ་ཡིན་པ་དང་། མི་མང་འདུ་འཛོམས་དང་། ཆབ་སྲིད་དྲིལ་བསྒྲགས་ཀྱི་འདུ་འཛོམས་རིགས་བྱེད་མི་ཆོག་པ་དང་། ཕྱི་ལ་ཁ་རས་མ་གྱོན་པར་ཕྱིན་པ་ཡིན་ན་དེ་སྔོན་ཉེས་ཆད་སྒོར་༥༠༠དེ་ཧིན་སྒོར་༡༠༠༠ལ་སྤར་བ་སོགས་དམ་དྲག་ཇེ་ཆེར་བཏང་ཡོད་པ་རེད།
རྡ་རམ་ས་ལའི་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་ལགས་ཀྱིས་རྡ་སར་གནས་སྡོད་བོད་མི་ཚོས་གནས་ཡུལ་མངའ་སྡེ་གཞུང་གིས་ཁྲིམས་ལ་བརྩི་སྲུང་དགོས་པ་དང་། བོད་མི་གཞོན་སྐྱེས་ཚོས་མཚན་ཚོགས་དང་། ཟ་ཁང་ནང་མི་མང་པོ་འདུ་འཛོམས་ཀྱིས་སྐྱེས་སྐར་སྤྲོ་འཛོམས་རིགས་མ་གནང་རོགས་ཞེས་འབོད་སྐུལ་གནང་གི་འདུག
ཉིན་ཤས་སྔོན་མན་རྡི་དང་། སིམ་ལ་རྫོང་ནང་བདུན་ཕྲག་གཉིས་ཀྱི་ནང་ཆ་སྙོམས་ཏོག་དབྱིབས་ནད་ཡམས་འགོས་པའི་ནད་པ་གྲངས་༢༠༠༠ དང་། ཉིན་གཅིག་གི་ནང་འདས་གྲོངས་སུ་ཕྱིན་པ་ཆ་སྙོམས་བཅུ་ཐོན་ཡོད་པ་རེད། དེ་བཞིན་རྡ་རམ་སཱ་ལའི་རྫོང་དཔོན་ལས་ཁུངས་ནད་པ་གྲངས་༡༥དང་། གྲོང་སྡེ་ལས་ཁུངས་ནང་༡༡། ཉེན་རྟོག་ལས་ཁུངས་ནང་༡༣ བཅས་ལ་ཏོག་དབྱིབས་ནད་ཡམས་ཕོག་པའི་གནས་ཚུལ་བྱུང་ཡོད་པ་རེད།
རྒྱ་གར་ཧི་མ་ཅལ་མངའ་སྡེའི་གཞུང་འབྲེལ་དྲ་ལམ་གཞིར་བཟུང་བྱས་ན། ཧི་མ་ཅཱལ་མངའ་སྡེའི་ནང་ད་བར་(covid 19)ཏོག་དབྱིབས་ནད་ཡམས་ཕོག་པའི་ནད་པ་གྲངས་༣༤༣༢༧་དང་། དྲག་སྐྱེས་བྱུང་བ་༢༦༧༥༦ འདས་གྲོངས་སུ་ཕྱིན་པ་གྲངས་༥༣༧ ད་ལྟ་ནད་ཀྱི་མནར་བཞིན་པ་༧༠༣༤ བཅས་བྱུང་ཡོད་པ་རེད་འདུག