ནད་ཡམས་ཛ་དྲག་སྐབས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འགན་འཛིན་ལ་སྐྱོན་བརྗོད།

2020-04-09
གློག་འཕྲིན།
མཆན།
Share
པར་བཀོད།
ཏོག་དབྱིབས་ནད་ཡམས་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་སྐོ་ར་གྱི་ཟུར་ཟའི་རི་མོ།
ཏོག་དབྱིབས་ནད་ཡམས་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་སྐོ་ར་གྱི་ཟུར་ཟའི་རི་མོ།
RFA

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་གྱིས་ཐེ་ཝན་ལ་སྐྱོན་འཛུགས་བྱས་བ་ཐེ་ཝན་གྱིས་ངོས་ལེན་བྱས་མི་འདུག
དེ་ཡང་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བ་དབྱིན་སྐད་དུ་(Covid-19)་ནད་ཡམས་དེ། ད་ཆ་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་ལུང་ཁག་༢༠༦་ལྷག་གི་ནང་ཁྱབ་ནས་དཀའ་ངལ་ཤུགས་ཆེན་འཕྲད་བཞིིན་པའི་སྐབས། འཛམ་གླིང་གི་རྒྱལ་ཁབ་དང་ཚོགས་སྡེ་ཁག་མང་པོས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་(Tedros Adhanom)་ལགས་ཀྱི་ལས་དོན་བྱེད་ཕྱོགས་ཐད་སྐྱོན་བརྗོད་མང་པོ་ཡོང་བཞིན་པ་མ་ཟད། ཨ་རིའི་ངོས་ནས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་(WHO)་ལ་རོགས་དངུལ་སྤྲོད་རྒྱུ་མཚམས་འཇོག་སྲིད་པ་སྲིད་འཛིན་གྱིས་ཉེན་བརྡ་བཏང་ཡོད་པ་རེད།
འདི་ཚེས་༨་གཟའ་ལྷག་པའི་ཉིན་གསར་འགོད་པ་ཞིག་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་(Tedros Adhanom)་ལགས་སུ། ཨ་མི་རི་ཀའི་སྲིད་འཛིན་(Trump)་མཆོག་གཙོས་པའི་འཛམ་གླིང་གི་དབུ་ཁྲིད་རྣམས་ཀྱིས་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཁྱབ་གདལ་འགྲོ་བཞིན་པའི་སྐབས་འདིར་ཁྱེད་ཀྱི་ལས་དོན་བྱེད་ཕྱོགས་ཐད་སྐྱོན་བརྗོད་ཡང་ཡང་ཡོང་བཞིན་པས། ནད་ཡམས་ཁྱབ་གདལ་བཀག་འགོག་སོགས་ཀྱི་ཐད་ལས་དོན་སྤེལ་རྒྱུར་དཀའ་ལས་ཁག་པོ་ཡོད་མེད་བཅར་འདྲི་ཞུས་པར། ཁོང་གིས་འདས་པའི་ཟླ་བ་གསུམ་རིང་ཁོང་ལ་མི་རིགས་དབྱེ་འབྱེད་ཀྱི་སྒོ་ནས་སྐྱོན་བརྗོད་བྱས་པ་དང་། གསོད་རྒྱུའི་ཉེན་བརྡ་གཏོང་མཁན་བྱུང་སྐོར་དང་། ད་དུང་ཟླ་བ་གསུམ་གྱི་གོང་ཐེ་ཝན་གྱིས་ཁོང་ལ་ནག་རིལ་(Negro)་ཞེས་མི་རིགས་དབྱེ་འབྱེད་ཀྱི་ཁྱད་གསོ་བྱས་བྱུང་ཅེས་ལན་འདེབས་བྱས་འདུག
ད་དུང་ཁོང་གིས་གནས་ཚུལ་དེ་དག་ཐེ་ཝན་གྱི་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་ཤེས་རྟོགས་ཡོད་ན་ཡང་ཤེས་མེད་ཚུལ་གྱིས་བསྡད་ཡོད། དེ་ནི་ཐེ་ཝན་ནང་གི་མི་རིགས་ནག་པོའི་སྤྱི་ཚོགས་ཡོངས་ཀྱི་སེམས་ལ་ཕོག་ཐུག་བཏང་བ་ཙམ་རེད་ཅེས་ལན་འདེབས་བྱས་འདུག
དེའི་ཐད་ཚེས་༩་གཟའ་ཕུར་བུའི་ཉིན་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་(Joseph Wu)་ལགས་ཀྱིས། ཆབ་སྲིད་ཐད་རྒྱལ་ཁ་ཐོབ་ཕྱིར་ནད་ཡམས་ཀྱི་གནས་ཚུལ་བེད་སྤྱོད་བྱེད་མི་དགོས་པ་དེར་མོས་མཐུན་གནང་གི་ཡོད་རུང་། ཐེ་ཝན་གཞུང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་མཆོག་ལ་དེ་འདྲའི་སྐྱོན་བརྗོད་རྒྱུད་སྐུལ་བྱས་པའི་ར་སྤྲོད་དཔང་རྟགས་གང་ཡང་བཏོན་རྒྱུ་མེད་པ་དང་། ད་རེས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་(Tedros)་ཡིས་ཐེ་ཝན་ལ་སྐྱོན་འཛུགས་བྱས་པ་དེ་དག་གཞི་རྩ་མེད་པ་དང་ཁེ་ཕན་ཡང་མེད་སྐོར་(Tweeter)་བརྒྱུད་ནས་ལན་འདེབས་བྱས་འདུག
ཕྱི་ཚེས་ ༧ ་ཉིན་ཨ་རིའི་ཕོ་བྲང་དཀར་པོའི་གསར་འགོད་ལྷན་ཚོགས་ཐོག་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་སྐོར་གླེང་སློང་བྱུང་ཡོད་པ་དང་། སྐབས་དེར་སྲིད་འཛིན་(Trump)་གྱིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལས་ཀ་བྱེད་སྟངས་རྒྱ་ནག་ལ་ཕྱོགས་ཡོད་ཚུལ་འདུག དེ་སྔོན་ཁོང་གིས་ནད་ཡམས་སྔོན་འགོག་ཆེད་དུ་རྒྱ་ནག་ནས་ཡོང་མཁན་རྣམས་བཀག་སྡོམ་བྱས་པར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ངོས་ནས་དགག་པ་རྒྱབ་ཡོད་ཅེས་དང་། མུ་མཐུད་དེ་ལྟར་ལས་དོན་ཡག་པོ་མ་བྱུང་ཚེ་ཨ་རིའི་ངོས་ནས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་(WHO)་ལ་རོགས་དངུལ་སྤྲོད་རྒྱུ་མཚམས་འཇོག་སྲིད་པ་སྲིད་འཛིན་གྱིས་ཉེན་བརྡ་བཏང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།