ཏོག་དབྱིབས་ནད་ཡམས་གསར་བ་དང་འབྲེལ་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད།

2020-03-31
གློག་འཕྲིན།
མཆན།
Share
པར་བཀོད།
ཏོག་དབྱིབས་ནད་ཡམས་གསར་བ་དང་འབྲེལ་བའི་ཟུར་ཟའི་རི་མོ།
ཏོག་དབྱིབས་ནད་ཡམས་གསར་བ་དང་འབྲེལ་བའི་ཟུར་ཟའི་རི་མོ།
RFA

རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་གསར་བ་དང་འབྲེལ་ནས་རྒྱལ་སྤྱིའི་ཁྲོད་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོང་བཞིན་པ་རེད།
དེ་ཡང་རྒྱ་གར་གྱི་ཧིན་རྡུའི་གསར་ཤོག་(Amar Ujala)་ཞེས་པས་ཕྱི་ཚེས་ ༣༠ ་ཉིན་སྤེལ་བའི་གསར་ཤོག་ནང་། རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བ་དབྱིན་སྐད་དུ་(Covid-19)་ནད་ཡམས་ཐད། རྒྱ་ནག་གཞུང་གིས་སྨན་པ་རྣམས་ཀྱི་ལམ་སྟོན་དང་སྔོན་འགོག་གི་ལས་དོན་དུས་ཐོག་ལག་བསྟར་བྱས་མེད་པ་དང་། ནད་ཡམས་དང་འབྲེལ་བའི་གནད་དོན་ཁག་མང་པོ་འཛམ་གླིང་གི་རྒྱལ་ཁབ་ཁག་ལ་སྦས་གསང་བྱས་བ་སོགས་ཀྱི་སྐྱོན་བརྗོད་དང་མཉམ། གལ་སྲིད་རྒྱ་ནག་གིས་ཐོག་མ་ནས་སྦས་གསང་བ་བྱས་བར་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཕྱི་གསལ་ནང་གསལ་བྱས་ཡོད་ཚེ་ད་ལྟའི་ནད་ཡམས་ཀྱི་དཀའ་ངལ་དེའི་བརྒྱ་ཆ་ ༩༥ ་བྱུང་མེད་པའི་སྐོར་བཀོད་འདུག
ད་དུང་གསར་ཤོག་དེའི་དཔྱད་རྩོམ་ནང་། རྒྱ་ནག་གི་ནོར་འཁྲུལ་དང་པོ་ནི། ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་དེ་ཝུའུ་ཧན་ནང་ཐོག་མར་ཐོན་སྐབས། རྒྱལ་ནང་དུ་སྦས་གསང་དང་འཛམ་གླིང་གི་རྒྱལ་ཁབ་ཁག་ལ་ཕྱི་གསལ་ནང་གསལ་མ་བྱས་བའི་ཐོག ནད་ཡམས་ཀྱི་གནས་ཚུལ་དེ་ཕྱིར་གྱར་བྱུང་རྗེས་དེ་འགེབ་ཐབས་དང་གནས་ཚུལ་དེ་ཤེས་མཁན་གྱི་སྨན་པ་ལ་སོགས་པར་གནས་ཚུལ་ཕྱིར་གྱར་བྱེད་རྒྱུར་དམ་དྲག་དང་དོ་དམ་བཀག་ཉར་བྱས་བའི་སྐོར་སོགས་སྐོར་བཀོད་འདུག
རྒྱ་ནག་གི་ནོར་འཁྲུལ་གཉིས་བ་ནི། ནད་འབུ་དེ་ཐོག་མར་ཐོན་སྐབས་ནད་འབུ་དེར་གདོང་ལེན་བྱེད་རྒྱུའི་ཚབ་ཏུ་དེ་སྣང་མེད་དུ་བཞག་ཡོད་པ་དང་། ཉེ་སྔོན་ཕྱི་ཟླ་དང་པོའི་ནང་ནད་ཡམས་དེ་ཐོག་མར་ཐོན་སའི་ཝུའུ་ཧན་གྲོང་ཁྱེར་ནང་དཔྱིད་གསར་དུས་ཆེན་དང་ལོ་སར་རོལ་སྐབས་ཉུང་མཐར་མི་གྲངས་འབུམ་གཅིག་ལྷག་འདུ་འཛོམས་བྱས་བ་དེ་དག་གི་རྗེས་སུ་ནད་ཡམས་དེ་མེ་ལྟར་ཁྱབ་གདལ་བྱུང་ཡོད་པ།
ནོར་འཁྲུལ་གསུམ་པ་དེ་རྒྱ་ནག་གཞུང་གི་ནད་ཡམས་སྔོན་འགོག་ལས་ཁང་གི་ནད་ཡམས་སྔོན་བརྡ་གཏོང་རྒྱུའི་སྒྲོམ་གཞི་མ་གནས་ཨ་སྒོར་ས་ཡ་ ༩༣ ་ཙམ་གནས་པ་དེ་ ༢༠༡༩ ་ལོའི་ཕྱི་ཟླ་བཅུ་གཉིས་ནང་མ་གཏོགས་བེད་སྤྱོད་མ་བཏང་བའི་ནོར་འཁྲུལ་བྱུང་ཡོད་པ་སོགས་བཀོད་འདུག
གཞན་ཉེ་སྔོན་ཕྱི་ཚེས་ ༡༧ ་ཉིན། ཨ་རིའི་ཧྥི་ལོ་རེ་ཌ་མངའ་སྡེའི་(Boca Raton)་གྲོང་ཁྱེར་ནང་གི་ཁྲིམས་ལུགས་ཚོགས་པ་(Berman Law Group)་ཡིས། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཐད་གནས་ཚུལ་སྦས་གསང་བྱས་ཏེ། ད་ལྟ་འཛམ་གླིང་གང་སར་ནད་ཡམས་དེས་དཀའ་ངལ་ཚབས་ཆེན་བཟོས་པའི་ནག་ཉེས་འོག ཡུལ་དེའི་གྲོང་ཁྱེར་ཁྲིམས་ཁང་དུ་ཁྲིམས་གཏུག་བྱས་བའི་གནས་ཚུལ་བྱུང་ཡོད།
མ་ཟད་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་འབུ་གསར་བ་འགོས་མཁན་གྱི་ནད་པའི་གྲངས་འབོར་དང་། དེས་རྐྱེན་པས་གྲོངས་བའི་གྲངས་འབོར་ཡང་ཕྱི་གསལ་ནང་གསལ་མ་བྱས་བར་སྦས་གསང་བྱེད་བཞིན་པ་སོགས་རྒྱལ་སྤྱིའི་གསར་ལམ་ཁག་མང་པོར་ཐོན་བཞིན་པ་རེད།
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་གཞན་གསར་ལམ་ཁག་གི་གྲངས་ཐོ་ལྟར་ན། འདི་གའི་སྤྱི་ཟླ་ ༣ ་པའི་ཚེས་༣༡་ཉིན་གྱི་ཞོགས་པ་བར། རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་དེ་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་གྲུ་ཁག་༢༠༢་ཙམ་གྱི་ནང་ཁྱབ་ནས། ད་བར་ཁྱོན་བསྡོམས་ནད་པ་མི་གྲངས་༧༥༤༩༤༨་ཐོན་ཡོད་པ་དང་། དེའི་ཁྲོད་ནས་མི་གྲངས་༣༦༥༧༡་འདས་གྲོངས་སུ་ཕྱིན་འདུག་ལ། ད་ལྟའི་ཆར་ནད་པའི་གྲངས་ཀ་མང་ཤོས་ཨ་རི་དང་། ཨེ་ཊ་ལི། རྒྱ་ནག སུ་པན། ཇར་མན་བཅས་ཡིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།