རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ནང་སོག་ཏུ་གཟིགས་སྐོར་བྱས་ནས་མཐའ་མཚམས་བརྟན་པོ་སྲུང་དགོས་ལུགས་བརྗོད་འདུག

2023.06.12
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ནང་སོག་ཏུ་གཟིགས་སྐོར་བྱས་ནས་མཐའ་མཚམས་བརྟན་པོ་སྲུང་དགོས་ལུགས་བརྗོད་འདུག ཞི་ཅིན་ཕིན་གྱིས་ནང་སོག་མཐའ་མཚམས་སུ་དམག་མི་ཚོར་གཏམ་བཤད་གནང་སྐབས། ༠༦།༠༧།༢༠༢༣
CCTV

དེ་ཡང་རྒྱ་ནག་གཞུང་འབྲེལ་གསར་ལམ་དུ་གནས་ཚུལ་སྤེལ་བའི་ནང་། ཞི་ཅིན་ཕིན་གྱིས་བདུན་ཕྲག་སྔོན་མའི་གཟའ་ལྷག་པའི་ཉིན་མཐའ་མཚམས་སྲུང་དམག་གི་ལས་དོན་ལ་བརྟག་དཔྱད་ཀྱི་ཆེད་དུ་ནང་སོག་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་བཅིངས་གྲོལ་དམག་གི་རྟེན་གཞིར་གཟིགས་སྐོར་བྱས་ཡོད་པ་དང་། སྐབས་དེར་གཏམ་བཤད་བྱས་བའི་ནང་རྒྱ་ནག་གི་མཐའ་མཚམས་ཁག་ལྕགས་ཀྱི་མཁར་ནང་བཞིན་སྲུང་དགོས་ལུགས་གཏམ་བཤད་བྱས་ཡོད་འདུག་པ་མ་ཟད། མངའ་ཁུལ་གྱི་མཐའ་མཚམས་སྲུང་དམག་ཚོས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ངང་རྒྱ་ནག་བྱང་རྒྱུད་ཀྱི་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་དང་བརྟན་བརླིང་ལ་ཁག་ཐག་འགན་ལེན་བྱས་པར་བསྔགས་བརྗོད་བྱས་འདུག
ཞི་ཅིན་ཕིན་ཁོའི་སྔོན་གྱི་རྒྱ་ནག་གི་སྲིད་འཛིན་ཁག་དང་མི་འདྲ་བར་༢༠༡༢ལོར་སྲིད་སྟེགས་སྟེང་སླེབས་པའི་རྗེས། བོད་ཐེ་བའི་མངའ་ཁུལ་གྱི་མཐའ་མཚམས་ས་ཁུལ་ཁག་ཏུ་རྒྱུན་པར་གཟིགས་སྐོར་བྱས་ཡོད་པ་ལྟར། ༢༠༢༡་ལོར་ཁོས་ཐེངས་དང་པོར་བོད་ནང་གཟིགས་སྐོར་གྱི་སྐབས་སུ་རྒྱ་གར་གྱི་མཐའ་མཚམས་ས་ཁུལ་ཨ་རུ་ན་ཅལ་མངའ་སྡེ་དང་ཐག་ཉེ་ཞིང་འཐབ་ཇུས་རང་བཞིན་ལྡན་པའི་ཉིང་ཁྲི་གྲོང་བརྡལ་ལ་གཟིགས་སྐོར་བྱས་ནས་མཐའ་མཚམས་སྲུང་བྱའི་ལས་དོན་ལ་བརྟག་དཔྱད་བྱས་ཡོད། ཞི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་སྐབས་གསུམ་པར་བསྡད་པ་ནས་བཟུང་བདེ་འཇགས་ལ་ཤུགས་སྣོན་དང་དམག་མི་ཚོའི་དམག་འཐབ་གྲ་སྒྲིག་གི་ཚད་གཞི་གོང་འཐོར་གཏོང་རྒྱུ་འདི་གཉིས་ཁོས་གཙུགས་ཆེར་བཟུང་ཡོད་པ་གནད་དོན་དབྱེ་ཞིབ་པས་བརྗོད་ཀྱི་ཡོད།


གསར་འགོད་པ། བོད་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དིང་རི་རྫོང་དུ་སླར་ཡང་ཕྱི་ཚེས་ ༡༣ ཉིན་ས་ཡོམ་འགུལ་ཚད་ ༥.༡ ཅན་ཞིག་བརྒྱབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎