ཞི་ཅིན་ཕིང་གིས་མི་མང་དབུལ་ཕོངས་ལས་ཐར་ཚུལ་བསྒྲགས་པ་ནི་སྒེར་གྱི་དབང་གྲགས་གོང་མཐོར་གཏོང་ཆེད་རེད་ཟེར།

2021.02.25
ཞི་ཅིན་ཕིང་གིས་མི་མང་དབུལ་ཕོངས་ལས་ཐར་ཚུལ་བསྒྲགས་པ་ནི་སྒེར་གྱི་དབང་གྲགས་གོང་མཐོར་གཏོང་ཆེད་རེད་ཟེར། རྒྱ་ནག་ནང་གི་འགྲེམས་སྟོན་ཞིག་གི་ཐོག ༡༢།༢༠༢༠
Reuters

རྒྱ་ནག་གཞུང་གིས་མི་མང་དུང་ཕྱུར་ལ་ཉེ་བ་དབུལ་ཕོངས་ལས་ཐར་ཚུལ་བརྗོད་བཞིན་པ་དེ་ནི་ཞི་ཅིན་ཕིང་སྒེར་གྱི་དབང་གྲགས་གོང་མཐོར་གཏོང་ཆེད་ཡིན་པ་གནད་དོན་དབྱེ་ཞིབ་པས་ངོས་འཛིན་གནང་གི་འདུག
རྒྱ་ནག་གཞུང་གིས་པེ་ཅིན་དུ་རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་སྤྱི་བསྡོམས་གཟེངས་རྟགས་ཚོགས་ཆེན་ཟེར་བ་འཚོགས་པའི་ཐོག མི་མང་དུང་ཕྱུར་ལ་ཉེ་བ་དབུལ་ཕོངས་ལས་ཐར་ཚུལ་བརྗོད་བཞིན་པ་དེ་ནི། གཙོ་བོ་ཞི་ཅིན་ཕིང་སྒེར་གྱི་དབང་གྲགས་གོང་མཐོར་གཏོང་ཆེད་ཡིན་པ་གནད་དོན་དབྱེ་ཞིབ་པས་ངོས་འཛིན་གནང་བཞིན་འདུག
ཟླ་བ་འདིའི་ཚེས་༢༥ཉིན། རྒྱ་ནག་གཞུང་གིས་པེ་ཅིན་དུ། རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་སྤྱི་བསྡོམས་གཟེངས་རྟགས་ཚོགས་ཆེན་ཟེར་བ་ཞིག་འཚོགས་པའི་སྟེང་། རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གིས་རྒྱ་ནག་གི་དབུལ་ཐར་མཁྲེགས་གཏོར་ལས་དོན་ལ་ཁྱོན་ཡོངས་ནས་གྲུབ་འབྲས་ཆེན་པོ་བླངས་ཚུལ་དང་། ད་ལྟའི་ཚད་གཞིའི་འོག་ཞིང་གྲོང་གི་དབུལ་ཕོངས་མི་གྲངས་ཁྲི་༩༨༩༩དབུལ་བོ་ལས་ཐར་བ་དང་། དབུལ་ཕོངས་རྫོང་ཁག་༨༣༢ནས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་དང་། དེ་ནི་མི་ཡུལ་གྱི་ངོ་མཚར་བའི་གནས་ཚུལ་ཡིན་ཚུལ་ཁྱབ་བསྒྲགས་བྱས་ཡོད། གནད་དོན་དབྱེ་ཞིབ་པས་གཟེངས་རྟགས་ཚོགས་ཆེན་དེ་ནི་ཞི་ཅིན་ཕིང་གིས་རྒྱུན་རིང་སྲིད་དབང་སྐྱོང་རྒྱུའི་ཆེད་ལག་རྗེས་མངོན་བསྟོད་བྱས་བ་ཅིག་དང་། ཞི་ཅིན་ཕིང་མི་སྒེར་གྱི་དབང་གྲགས་ཁྱབ་བསྒྲགས་བྱས་བ་ཡིན་པ་བརྗོད་ཀྱིན་འདུག
སན་ལེན་འཚོ་བའི་བདུན་རེའི་དུས་དེབ་ཐོག་དཔྱད་བརྗོད་སྤེལ་བའི་ནང་། རྒྱ་ནག་གི་མིག་སྔའི་དབུལ་ཕོངས་ཀྱི་ཚད་གཞི་དེ་ཧ་ཅང་དམའ་མོ་ཡིན་པས། གལ་སྲིད་ད་ལྟའི་ཚད་གཞི་ལས་དབུལ་ཐར་བྱས་ཡོད་ཀྱང་། རྒྱ་ནག་ནང་གི་དབུལ་ཕོངས་ཀྱི་གནད་དོན་ལྟོས་ས་ལྟོས་འཇོག་བརྗོད་པ་མ་གཏོགས། རྒྱ་ནག་གི་དབུང་ཕོངས་ཀྱི་གནད་དོན་ད་དུང་ཚབས་ཆེན་ཡིན་པ་བརྗོད་འདུག
རྒྱ་ནག་རྒྱལ་སྲིད་ལྷན་ཁང་གི་དབུལ་སྐྱོར་ལས་ཁུངས་ཀྱི་འགན་འཛིན་ལིག་ཡོང་ཧྥུ་ནས་ཕྱི་ལོ་༢༠༢༠ལོའི་ཕྱི་ཟླ་༣པར་བརྗོད་པ་ལྟར་ན། རྒྱ་ནག་གི་དབུལ་ཕོངས་ཀྱི་ཚད་གཞི་དེ་ལྟོ་རྒྱབ་འགྲིགས་པ་དང་སྡོད་གནས་ཁག་ཐེག་ཡིན་པ། འོས་འགན་སློབ་གསོ་སྤྲོད་པ། གཞི་རྩའི་སྨན་བཅོས་བྱེད་པ་ཐེ་བའི་ཡོང་སྒོ་ཡོད་པར་བརྗོད་ཀྱིན་ཡོད་པ་དང་། དེ་དག་ཁྲོད་ཕྱི་ལོ་༢༠༢༠ལོའི་ཡོང་སྒོའི་ཚད་གཞི་ལོ་རེར་མི་རེའི་ཆ་སྙོམས་ཡོང་སྒོ་རྒྱ་སྒོར་བཞི་སྟོང་ཡས་མས་ཡིན་འདུག ཡང་དེའི་ཐད་ད་ལྟ་སི་པན་ནང་ཡོད་པའི་བོད་རྒྱའི་སྲིད་དོན་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས། བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ཐེ་བའི་རྒྱ་ནག་གི་ཞིང་གྲོང་གི་མི་མང་པོ་ཞིག་སྔར་བཞིན་དབུལ་ཕོངས་ཀྱི་གནས་སུ་ཡོད་ནའང་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཀྱི་ཤོག་བུའི་གྲངས་ཀའི་ནང་ཁོང་ཚོ་དབུལ་ཕོངས་ལས་ཐར་ཡོད་པ་རེད་ཅེས་གསུངས་བྱུང་། དེ་བཞིན་ད་ལྟ་རྒྱ་ནག་གཞུང་གིས་དབུལ་ཕོངས་མི་གྲངས་དུང་ཕྱུར་ལ་ཉེ་བ་དབུལ་བོ་ལས་ཐར་ཚུལ་འུར་སྒྲོག་བྱེད་པ་དང་ལྡོག་ཟླར་གྱུར་བ་ནི། ན་ནིང་གི་ཕྱི་ཟླ་༦པའི་དམངས་ཆེན་ཚོགས་འདུ་མཇུག་སྒྲིལ་བའི་གསར་འགོད་ལྷན་ཚོགས་ཤིག་གི་སར་རྒྱ་ནག་གི་སྲིད་བློན་ལིས་ཁི་ཆང་ནས་རྒྱ་ནག་གི་མི་གྲངས་དུང་ཕྱུར་དྲུག་གི་ཟླ་རེའི་ཡོང་སྒོ་རྒྱ་སྒོར་ཆིག་སྟོང་ཙམ་ལས་མེད་པ་བརྗོད་ཡོད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎