ཧྥ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་གཙོ་འཛིན་གྱིས་ཞི་ཅིན་ཕིན་ལ་ཚོང་འབྲེལ་གྲོས་མོལ་སྐབས་གནོན་ཤུགས་སྤྲད་ཡོད་འདུག

2024.05.07
ཧྥ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་གཙོ་འཛིན་གྱིས་ཞི་ཅིན་ཕིན་ལ་ཚོང་འབྲེལ་གྲོས་མོལ་སྐབས་གནོན་ཤུགས་སྤྲད་ཡོད་འདུག རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཧྥ་རན་སིའི་སྲིད་འཛིན་(Emmanuel Macron)་དང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་གཙོ་འཛིན་(Von der Leyen)་བཅས་དང་མཇལ་མོལ་སྐབས། ༠༥།༠༦།༢༠༢༤
AP

དེ་ཡང་འདི་ཚེས་༦རེས་གཟའ་ཟླ་བའི་ཉིན་ཧྥ་རན་སིའི་སྲིད་འཛིན་(Emmanuel Macron) དང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་གཙོ་འཛིན་(Von der Leyen) རྣམ་གཉིས་ཀྱིས་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིན་ལ་ཡོ་རོབ་ཀྱི་དཔལ་འབྱོར་ཉོ་ཚོང་ཐད་སྔར་ལས་ལྷག་པའི་འདྲ་མཉམ་ཡོང་བར་ཁག་ཐེག་བྱེད་དགོས་པའི་གནོན་ཤུགས་དང་མཉམ་འབོད་སྐུལ་བྱས་ཡོད་ཀྱང་། རྒྱ་ནག་གི་འགོ་ཁྲིད་ཀྱིས་ཚོང་འབྲེལ་ཐད་བསམ་ཤེས་ཆེན་པོ་བྱེད་བཞིན་པའི་རྣམ་པ་གང་ཡང་མཐོང་གི་མེད་པ་གསར་འགྱུར་ཁག་ནང་གནས་ཚུལ་སྤེལ་འདུག
དེ་བཞིན་ཧྥ་རན་སིའི་གྲོས་མོལ་ཚོགས་འདུའི་སྟེང་སྲིད་འཛིན་(Macron)་ལགས་ནས་ད་དུང་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིན་དང་ཨུ་རུ་སུ་བར་གྱི་འབྲེལ་བའི་ནུས་བར་བརྟེན་ནས་ཡུཀ་རེན་གྱི་དམག་འཁྲུག་མཇུག་སྒྲིལ་ཡོང་དགོས་བའི་སྐུལ་མ་གནང་ཡོད་འདུག
ད་ཐེངས་དབུ་ཁྲིད་རྣམ་པ་གསུམ་གྱིས་སྲིད་འཛིན་ཕོ་བྲང་ནང་གྲོས་མོལ་རྗེས་སུ་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་གཙོ་འཛིན་(Von der Leyen) ཀྱིས་ཡོ་རོབ་མཉམ་འབྲེལ་ནས་རྒྱ་ནག་གིས་ཚད་ལས་བརྒལ་བའི་ཐོན་སྐྱེད་བྱས་པའི་བཟོ་ལས་ཐོན་རྫས་དེ་དག་ཚོང་ར་གཞན་དུ་བསྡུ་ལེན་བྱེད་ཐབས་མེད་པ་དང་། རྒྱ་ནག་གཞུང་གིས་ཚོང་ལས་ཐད་ཁ་གསབ་སྤྲོད་པའི་འདྲ་མཉམ་མིན་པའི་ཚོང་རའི་འགྲོ་ལུགས་ལས་བརྒལ་བའི་གནས་སྟངས་དེས་ཡོ་རོབ་དང་རྒྱ་ནག་གི་འབྲེལ་ལམ་ཐད་གནོད་འཚེ་བཟོ་གི་ཡོད་པ་གསལ་སྟོན་བྱས་འདུག
ཧྥ་རན་སི་དང་རྒྱ་ནག་གི་དབུ་ཁྲིད་རྣམ་གཉིས་ཀྱིས་ཐེངས་མང་མཇལ་མོལ་དང་མཉམ་དུ་སྲིད་འཛིན་(Macron)་གྱིས་གསར་འགོད་པར། དེང་སྐབས་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ལ་འཛམ་གླིང་སྟེང་ཆེས་སྒོ་འབྱེད་ཀྱི་ཚོང་ར་ཆེན་པོ་ཡོད། ཡིན་ནའང་ང་ཚོས་དེར་སྲུང་སྐྱོབ་ཐུབ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུང་པ་དང་། ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ནས་ཚོང་འབྲེལ་གྱི་གནད་དོན་ཐད་ཡིད་ཆེས་ཀྱི་ལངས་ཕྱོགས་འཛིན་པ་དེ་ནི་ཨ་རིས་བྱེད་སྟངས་དང་གཅིག་པ་ཡིན་པ་བཀོད་འདུག
རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་ནང་། ཞི་ཅིན་ཕིན་གྱིས་མངོན་གསལ་མ་ཡིན་པའི་ཚོགས་འདུའི་སྐབས་དཔལ་འབྱོར་ཉོ་ཚོང་བར་རྩོད་གླེང་ཡོད་པ་དེ་དག་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱེད་པར་མོས་མཐུན་བྱས་ཡོད་ཚུལ་བརྗོད་འདུག
ཧྥ་རན་སིའི་ཕྱི་སྲིད་དཔོན་རིགས་ཤིག་གིས་ཞི་ཅིན་ཕིན་གྱིས་ཚོང་འབྲེལ་འདྲ་མཉམ་མིན་པའི་གནས་སྟངས་ལ་སེམས་ཚབས་ཡོང་བཞིན་པའི་གནད་དོན་དེར་ངོས་ལེན་བྱས་ཡོད་ནའང་། ཐེངས་འདིའི་གཟིགས་སྐོར་དེ་ནི་གནས་ཚུལ་བརྒྱུད་སྤྲོད་ཙམ་ཡིན་པ་བརྗོད་འདུག རྒྱུས་ཡོད་མི་སྣ་ཞིག་གིས་དངོས་སུ་ལག་ལེན་བསྟར་མིན་ད་དུང་སྒུག་ནས་ལྟ་ཞིབ་བྱེད་རྒྱུ་དེ་རེད་ཟེར། དེ་མིན་ཐེངས་འདིའི་རྒྱ་ནག་གི་འགོ་ཁྲིད་ཀྱིས་ཧྥ་རན་སིའི་ནང་གཟིགས་སྐོར་དུས་སུ་ཧྥ་རན་སི་གཙོས་པའི་ཡོ་རོབ་ཡུལ་གྲུ་ཁག་ནང་གནས་སྡོད་བོད་མི་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་ཞི་ཅིན་ཕིང་ནི་སྲིད་དབང་སྒེར་གཅོད་པ་དང་། བོད་མི་རིགས་ཀྱི་རིག་གཞུང་གོམས་གཤིས་དང་བཅས་པ་རྩ་མེད་བཟོ་མཁན་ཞིག་རེད་ཅེས་གཞི་རྒྱ་ཆེ་བའི་ངོ་རྒོལ་སྐད་འབོད་བྱས་ཡོད་པ་རེད།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ད་རེས་ཧྥ་རན་སིའི་ནང་གཞུང་འབྲེལ་གཟིགས་སྐོར་དུ་འབྱོར་བ་ནི། འདས་པའི་ལོ་ལྔའི་ནང་ཁོ་རང་ཡོ་རོབ་ནང་ཡོང་བ་ཐོག་མ་དེ་ཆགས་ཡོད་པ་དང་། རིམ་པས་ཧང་གྷ་རི་དང་སིར་སྦི་ཡ་བཅས་ཀྱི་ནང་བསྐྱོད་རྒྱུའི་འཆར་གཞི་སྒྲིག་ཡོད་པ་རེད།


གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་གིས་རྒྱུན་གྲོན་མ་དངུལ་མཚམས་འཇོག་བྱས་རྐྱེན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་མང་ཆེ་བ་གནས་སྐབས་ཕོགས་མེད་ལས་མཚམས་འཇོག་དགོས་བྱུང་ཡོད།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་གསར་ལམ་ནང་དགའ་བསུ་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎