ཨི་ཊ་ལིའི་ནང་རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ།
2019.03.22
རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་ཨི་ཊ་ལའི་རྒྱལ་ས་རོམ་དུ་ཕྱི་ཟླ་ ༣ ཚེས་ ༢༡ ཉིན་འབྱོར་ཞིང་། ཕྱི་ཚེས་༢༢་ཉིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། གཞན་ཡང་ཝི་གུར་ཁ་ཆེའི་མི་རིགས་དང་ཧྥ་ལུང་གོང་ཆོས་འཁོར་སྒོམ་སྒྲུབ་ཀྱི་མི་སྣ་ལ་སོགས་པའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད། ཨི་ཊ་ལི་ནི་རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་གི་ཡོ་རོབ་ཡུལ་གྲུ་ཁག་འགའ་ཤས་ནང་གི་འཚམས་གཟིགས་དང་པོ་ཡིན་པ་དང་། རྒྱ་ནག་གི་ངོས་ནས་ཨི་ཊ་ལིའི་གཞུང་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་གི་བརྒྱུད་གཅིག་ལམ་གཅིག་གི་འཆར་སྣང་དེར་རྒྱབ་སྐྱོར་བྱེད་པའི་རེ་བ་ཆེན་པོ་བྱེད་བཞིན་ཡོད་ཅིང་། ཨི་ཊ་ལིའི་མི་དམངས་ཀྱི་ཁྲོད་ནས་རྒྱ་ནག་གི་འཆར་སྣང་དེར་དོགས་ཟོན་བྱེད་མཁན་མི་ཉུང་བ་ཞིག་ཡོད་པ་རེད།
ངོ་རྒོལ་ནང་མཉམ་ཞུགས་གནང་མཁན་གྲས་ཨི་ཊ་ལིའི་བོད་དོན་ཚོགས་པའི་ཚོགས་མི་མ་རི་ལི་ཡ་སྦ་ལེ་ཏེ་ར་(Marilia Bellaterra)ཡིས་ཨི་ཊ་ལི་གཞུང་གི་རྒྱ་ནག་རྒྱལ་ཁབ་མཉམ་ཚོང་འབྲེལ་གྱི་གདམ་ཁ་དེ་ལ་ངོ་ཚ་སྐྱེས་དགོས་ཟེར་ཡག་ཡིན་ཞེས་དང་། ང་ཚོ་འདིར་བོད་པ་དང་ཝཡིུ་གུར་བ། རྒྱ་མི་ཧྥ་ལུང་སྒོང་བཅས་སོགས་གྲངས་ཉུང་བ་རྣམས་ཀྱི་དཀའ་སྡུག་གཅིག་པོ་གླེང་བར་ཡོང་མེད། ང་ཚོ་འདིར་ཨི་ཊ་ལི་མི་སེར་ངོ་བོའི་ཐོག་ནས་ང་ཚོའི་རྒྱལ་ཁབ་ཀྱི་མདུན་ལམ་དེ་ཉན་འགན་ཞིག་གི་འོག་ཏུ་ཚུད་ཀྱི་ཡོད་པ་དེ་གསལ་སྟོན་ཆེད་ཡོང་བ་ཡིན་ཞེས་དང་། ཨི་ཊ་ལི་གཞུང་གིས་ད་རེས་ཐག་གཅོད་དེ་ཚོ་ཨི་ཊ་ལི་མི་མང་གི་བསམ་ཚུལ་མཚོན་གྱི་མེད་ཅེས་གསུངས་འདུག
རྒྱ་ནག་སྲིད་འཛིན་ཞི་ཇིན་པིང་རེས་གཟའ་ཕུར་བུའི་ཉིན་ཨི་ཊ་ལི་ནས་འགོ་འཛུགས་ཀྱིས་ཉིན་གྲངས་དྲུག་རིང་(Monaco)དང་(France)འཚམས་གཟིགས་སུ་བསྐྱོད་རྒྱུ་ཡིན་ཞིང་། དེའི་སྐབས་གཙོ་བོ་བརྒྱུད་གཅིག་ལམ་གཅིག་གི་འཆར་སྣང་གྲུབ་རྒྱུར་རྒྱལ་ཁབ་དེ་དག་གི་རྒྱབ་སྐྱོར་ཐོབ་ཐབས་གཙོ་དོན་གནང་རྒྱུ་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་བཞིན་ཡོད་ཅིང་། འོན་ཀྱང་ཡུལ་གྲུ་མང་པོས་འདི་ནི་རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་གི་རྒྱ་སྐྱེད་ཀྱི་འཆར་གཞི་ཞིག་ཡིན་པར་དོགས་ཟོན་བྱེད་བཞིན་ཡོད་པ་རེད།
ཨི་ཊ་ལི་རུ་ཡོ་རོབ་ཀྱི་ཡུལ་གྲུ་གང་ས་ནས་ཕེབས་པའི་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཞལ་ནས་མ་ཎི་དང་བྱང་ཆུབ་སེམས་བསྐྱེད་མ་གསུང་འདོན་གནང་ཞིང་། ལག་ཏུ་བོད་ཀྱི་རྒྱལ་དར་ཐོག་འཕྱར་ཞིང་། དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐུབ་པ་དགོས་པ་དང་། བོད་མི་རང་ལུས་མེར་བསྲེགས་བཏང་གནང་མཁན་ཚོའི་མངོན་འདོད་ལྟར་བོད་མིར་རང་དབང་དགོས་པ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་ཞུ་དགོས་པ། པན་ཆེན་རིན་པོ་ཆེ་མྱུར་དུ་གློད་གྲོལ་དགོས་པ་སོགས་ཀྱི་དགོས་འདུན་བཏོན་གནང་འདུག
ངོ་རྒོལ་གྱི་ལས་འགུལ་དེའི་ནང་ཡུ་གུར་ཁ་ཆེའི་མི་རིགས་ཀྱང་མཉམ་ཞུགས་བྱས་ཡོད་ཅིང་། ཁོང་ཚོས་རྒྱ་ནག་གཞུང་གིས་ཝི་གུར་ཁ་ཆེའི་མི་གྲངས་ས་ཡ་གཅིག་དང་ཕྱེད་ཀ་ནས་ས་ཡ་གསུམ་ཙམ་ངལ་སྩོལ་བསྒྱུར་བཀོད་རྭ་བའི་ནང་བཙོན་འཇུག་བྱེད་པ་སོགས་ཝི་གུར་ཁ་ཆེའི་མི་རིགས་ཚོའི་ཐོག་དྲག་གནོན་སྡུག་རྩུབ་བྱེད་བཞིན་པར་ངོ་རྒོལ་དང་། ཨི་ཊ་ལིའི་མི་དམངས་ལ་དྲིལ་བསྒྲགས་ཆེད་ལས་འགུལ་འདིའི་ནང་མཉམ་ཞུགས་བྱས་པ་བརྗོད་ཡོད་པ་རེད།