ཞི་ཅིན་པིང་ལ་སྲིད་འཛིན་ཞེས་མིང་འབོད་བྱེད་མི་འོས་པའི་གྲོས་འཆཪ།

2020-08-21
གློག་འཕྲིན།
མཆན།
Share
པར་བཀོད།
ཞི་ཡི་སྲིད་དབང་རིང་དུ་གཏོང་རྒྱུར་དམིགས་པའི་ཐབས་ཇུས་ཐད་ཟུར་ཟའི་རི་མོ། ༢༠༡༨།༢།༢༦
ཞི་ཡི་སྲིད་དབང་རིང་དུ་གཏོང་རྒྱུར་དམིགས་པའི་ཐབས་ཇུས་ཐད་ཟུར་ཟའི་རི་མོ། ༢༠༡༨།༢།༢༦
RFA

ཨ་མི་རི་ཀའི་གྲོས་ཚོགས་ནང་ཞི་ཅིན་པིང་ལ་སྲིད་འཛིན་ཞེས་མིང་འབོད་བྱེད་མི་འོས་པའི་གྲོས་འཆཪ་བཏོན་འདུག
ཨ་མི་རི་ཀའི་གཞུང་འཛིན་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་སཀོཊ་པེ་རིསི་(Scott Perry)་ལགས་ཀྱིས། ཕྱི་ཟླ་ ༨ ་ཚེས་ ༧ ་ཉིན་(Name the Enemy Act)་ཞེས་དགྲ་བོའི་མིང་འདོན་ཞེས་པའི་གྲོས་འཆར་ཞིག་ངོ་སྤྲོད་གནང་འདུག་ཅིང་། གྲོས་འཆར་དེའི་ནང་ཨ་རིའི་གཞུང་གི་ཡིག་ཆ་དང་འབྲེལ་ལམ་སོགས་གང་གི་ཐད་ནས་ཞི་ཅིན་པིང་ལ་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཞེས་འབོད་དགོས་རྒྱུ་དང་། ཞི་ཅིན་པིང་ལ་སྲིད་འཛིན་ཞེས་བོས་ནས་གཞུང་གི་མ་དངུལ་འགྲོ་སོང་གཏོང་མི་ཆོག་རྒྱུ་གསལ་ཡོད་པ་རེད།
གནད་དོན་དབྱེ་ཞིབ་པ་ཚོས། གལ་ཏེ་ཨ་རིའི་གྲོས་ཚོགས་ནང་གྲོས་འཆར་འདིའི་ཐད་གྲོས་མཐུན་འབྱུང་ཚེ་ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་བར་དོ་ཕོག་སྣོན་མ་འབྱུང་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
ཉེ་བའི་ཆར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཡིཀ་པོམ་པེའོ་མཆོག་གིས་ཀྱང་ཞི་ཅིན་པིང་ལ་སྤྱི་ཁྱབ་དྲུང་ཆེ་ཞེས་འབོད་འགོ་བཙུགས་ཡོད་པ་དང་། གནད་དོན་དབྱེ་ཞིབ་པ་ཚོས་སྲིད་འཛིན་ཞེས་པའི་འགོ་ཁྲིད་ཀྱི་ཐ་སྙད་འདིར་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་འགོ་ཁྲིད་དུ་འདེམས་ཐོན་བྱུང་བ་ཞིག་ལ་གོ་གི་ཡོད་སྟབས། ཞི་ཅིན་པིང་ལ་རྒྱ་ནག་རྒྱལ་ཁབ་ཀྱི་གཙོ་འཛིན་དང་། རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ། རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་གཙོ་འཛིན་བཅས་ཀྱི་གོ་གནས་ཡོད་པ་ལས་སྲིད་འཛིན་ཞེས་པའི་གོ་གནས་མེད་པ་བརྗོད་བཞིན་ཡོད་པ་རེད།
ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་སཀོཊ་པེ་རིསི་(Scott Perry)་ལགས་ནི་ཨ་རིའི་མངའ་སྡེ་པེན་སིལ་ཝེ་ནི་ཡའི་(Pennsylvania)་ནས་ཡིན་པའི་གྲོས་ཚོགས་ཀྱི་འཐུས་མི་ཞིག་ཡིན་ཞིང་། ཁོང་གིས་འདི་ལོ་ཕྱི་ཟླ་ ༥ ཚེས་ ༡༩ ་ཉིན་ཨ་རིའི་སྲིད་འཛིན་གྱིས་བོད་རང་སྐྱོང་ལྗོངས་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཐ་དད་ཡིན་པ། རང་བཙན་རྒྱལ་ཁབ་ཞིག་ཡིན་པར་ངོས་འཛིན་དགོས་པའི་གྲོས་འཆར་ཞིག་ཀྱང་བཏོན་གནང་ཡོད་པ་རེད།
གྲོས་ཚོགས་འཐུས་མི་སྐུ་ཞབས་སཀོཊ་པེ་རིསི་(Scot Perry)་ལགས་ཀྱིས་བཏོན་པའི་དགྲ་བོའི་མིང་འདོན་ཞེས་པའི་གྲོས་འཆར་དེར་ཕྱག་སྦྲེལ་སྤྱི་མཐུན་ཚོགས་པའི་ཧྥོལོ་རི་ཌ་(Florida)་མངའ་སྡེའི་འཐུས་མི་ཊེཌ་ཡོ་ཧོ་(Ted Yoho)་སོགས་འཐུས་མི་ཁག་ཅིག་གིས་རྒྱབ་སྐྱོར་གནང་གི་ཡོད་ཀྱང་། གྲོས་འཆར་དེ་གྲོས་ཚོགས་ཚོགས་ཐེངས་དེའི་ནང་སླེབས་ཐུབ་པར་ཅུང་གྲོས་འགོ་འདོན་རྒྱུའི་དུས་ཚོད་ཕྱིས་དྲག་ཡོད་པ་མིང་འདོན་མ་བྱས་པའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཞིག་གི་ལས་ཁུངས་ནང་ཕྱག་ལས་གནང་མཁན་ལས་བྱེད་པ་ཞིག་གིས་ཧོང་ཀོང་གི་(South China Morning Post)་གསར་ལས་ཁང་ལ་བརྗོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།