༄༅༎ཉེ་ཆར་རང་ལུས་མེར་བསྲེགས་བཏང་མཁན་ཨ་མདོ་རྔ་པ་ས་གནས་ཀིརྟི་དགོན་པའི་དགེ་འདུན་པ་དེ་ད་ཆ་སྲོག་གི་ཉེན་ཁ་ལས་གྲོལ་ཡོད་པར་རྒྱ་ནག་གཞུང་སྦྲེལ་གྱི་གསར་འགྱུར་རྒྱུད་ལམ་ཐོག་གནས་ཚུལ་སྤེལ་འདུག
དེའང་ད་རེས་བོད་པའི་ལོ་གསར་རྗེས་ཀྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་བོད་ཨ་མདོ་རྔ་པ་ཁུལ་གྱི་ཀིརྟི་དགོན་པའི་ད་ལོ་དགུང་གྲངས་ཉི་ཤུ་རྩ་ལྔ་ལ་སོན་པའི་མཚན་ལ་བཀྲ་པེ་ཞུ་བའི་དགེ་འདུན་པ་ཞིག་ནས་ཕྱག་ལ་བོད་ཀྱི་རྒྱལ་དར་བསྣམས་ཤིང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་སྐད་འབོད་གནང་སྟེ་དགོན་པ་ནས་ཁྲོམ་གཞུང་ཐོག་ཐོན་ཕེབས་ཡོད་པ་མ་ཟད་ད་དུང་རང་ལུས་ལ་ས་སྣུམ་བཤོས་གནང་སྟེ་རང་ལུས་མེར་བསྲེགས་བཏང་གནང་ཡོད་ལ་ཀིརྟི་དགོན་པའི་དགེ་འདུན་པ་གཞན་ཞིག་ནས་སྐབས་དེར་རྒྱ་ནག་གཞུང་གི་ཉེན་རྟོག་མི་སྣས་རང་ལུས་མེར་བསྲེགས་བཏང་སྟེ་ངོ་རྒོལ་སྐད་འབོད་གནང་མཁན་དགེ་འདུན་པ་བཀྲ་པེ་ལགས་སུ་མེ་མདའ་རྒྱབ་ཡོད་པ་དང་དེ་རྗེས་ཁོང་རླངས་འཁོར་ཞིག་ནང་ཁྲིད་ཕྱིན་ཡོད་པའི་གནས་ཚུལ་གསུངས་ཡོད་ཅིང་ཡང་ད་རེས་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གཞུང་སྦྲེལ་གྱི་ཤིན་ཧྭ་གསར་འགྱུར་ལས་ཁང་ནས་རྔ་པ་ས་གནས་སྨན་ཁང་གི་སྨན་པ་ཞིག་ནས་བཤད་པའི་གནས་ཚུལ་ལུང་འདྲེན་བྱས་ཏེ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་དེ་ལ་ས་གནས་སྨན་ཁང་ནས་དུས་ཡུན་ཆུ་ཚོད་བཅུ་གཉིས་རིང་གི་མྱུར་སྐྱོབ་སྨན་བཅོས་བྱས་རྗེས་ད་ཆ་རང་སྲོག་བཅད་མཁན་གྱི་དགེ་འདུན་པ་དེ་ཚེ་སྲོག་གི་ཉེན་ཁ་ལས་གྲོལ་ཟིན་ཡོད་པའི་གནས་ཚུལ་སྤེལ་འདུག།
