རྒྱ་ནག་གི་མགྲིན་ཚབ་པས་དངོས་ཡོད་གནས་སྟངས་ལས་གཡོལ་ཐབས་བྱས་འདུག


2018.09.20
ཤར་ཏུར་ཀིསི་ཐན་གྱི་མངའ་ཁུལ་གྱི་གནས་སྟངས། ༢༠༡༧།༦།༢༦ ཤར་ཏུར་ཀིསི་ཐན་གྱི་མངའ་ཁུལ་གྱི་གནས་སྟངས། ༢༠༡༧།༦།༢༦
AFP

རྒྱ་ནག་གི་མགྲིན་ཚབ་པས་ཤར་ཏུར་ཀིསི་ཐན་ནང་གི་དངོས་ཡོད་དམ་དྲག་གི་གནས་སྟངས་ལས་གཡོལ་ཐབས་བྱས་ནས་གསར་འགོད་པར་ལན་འདེབས་བྱས་འདུག
རྒྱ་ནག་གིས་ཤིན་ཅང་ཞེས་འབོད་པའི་བོད་ལྟར་བཙན་བཟུང་བྱས་པའི་ཤར་ཏུར་ཀིསི་ཐན་གྱི་མངའ་ཁུལ་ལ། ཡུ་གུར་མི་མང་ས་ཡ་གཅིག་ཙམ་ཆབ་སྲིད་སློབ་གསོའི་མིང་ཐོག་དོ་དམ་བཀག་ཉར་གྱིས་རྡུང་རྡེག་དྲག་གནོན་བཏང་དང་གཏོང་བཞིན་པའི་གནད་དོན་ལ་རྒྱལ་སྤྱིའི་ཐོག་སྐྱོན་བརྗོད་ཤུགས་ཆེ་ཕོག་བཞིན་པའི་སྐབས་དེར། ཚེས་༡༩་ཉིན་རྒྱ་ནག་གཞུང་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོགས་ལ། ཤིན་ཅང་ནང་ཕྱི་ནང་ཡུལ་སྐོར་སྤྲོ་འཆམ་པ་འགྲོ་མཁན་གྱི་གྲངས་འབོར་ཇེ་མང་འགྲོ་བཞིན་ཡོད་ན། འདིས་ཤིན་ཅང་གི་གནས་སྟངས་ཡག་པོ་ཡོད་པ་མཚོན་ཐུབ་ཅེས་འགྲེལ་བརྗོད་བྱས་ཡོད་འདུག
རྒྱ་ནག་གིས་ཤར་ཏུར་ཀིས་ཐན་གྱི་མངའ་ཁུལ་ལ་ཁ་ཆེའི་དྲག་སྤྱོད་པའི་དྲག་ལས་བཀག་སྡོམ་བྱ་དགོས་པར་ཁ་གཡར་ནས་ཡུ་གུར་ཁ་ཆེ་མང་ཚོགས་ཀྱི་ཆོས་ལུགས་ཀྱི་བྱེད་སྒོར་དམ་དྲག་ཚད་ལས་འདས་པ་བྱེད་བཞིན། མི་མང་མང་ཚོགས་ས་ཡ་གཅིག་ཙམ་ལ་ཆབ་སྲིད་ཀྱི་སློབ་གཙོའི་ཆེད་དོ་དམ་བཀག་ཉར་བྱས་ཏེ། མངའ་ཁུལ་དེ་བཙོན་ར་འདྲ་བ་ཞིག་བཟོས་ཡོད་པ་རེད།
རྒྱ་ནག་གིས་སྐྱོན་བརྗོད་དེ་ཁས་ལེན་བྱེད་ཀྱི་མེད་པ་དང་། རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་སྐྱོན་བརྗོད་དེ་དག་ལས་གཡོལ་ཐབས་སླད། ཤིན་ཅང་གི་མངའ་ཁུལ་ལ་འདས་པའི་ཕྱི་ལོ་༢༠༡༧་ལོའི་ནང་། ཕྱི་ནང་ཡུལ་སྐོར་སྤྲོ་འཆམ་པ་ཡོང་མཁན་ས་ཡ་༡༠༠་ཙམ་བྱུང་ཡོད་ལུགས་དང་། གྲངས་འབོར་དེ་བཞིན་ཉེ་བའི་ཟླ་བ་༧་གྱི་དུས་ཡུན་ནང་། ཇེ་མང་ཕྱིན་ཡོད་ལུགས་དང་། ཤིན་ཅང་གི་མངའ་ཁུལ་དེ་ཞི་བདེ་བརྟན་ལྷིངས་དང་འཆམ་མཐུན་མཉམ་གནས་མེད་ན། ཁུལ་དེར་དེ་ལྟ་བུའི་ཕྱི་ནང་ཡུལ་སྐོར་སྤྲོ་འཆམ་པ་ཡོང་གི་རེད་དམ་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།
རྒྱ་ནག་གཞུང་ལ་ད་ལྟ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་འགན་འཛིན་གྱིས། ཤིན་ཅང་ནང་དངོས་ཡོད་གནས་སྟངས་ལྟ་ཞིབ་ཆེད། རྟོགས་ཞིབ་མི་སྣ་གཏོང་དགོས་ཀྱི་ཡོད་པའི་དགོས་འདུན་དང་། ཡང་ཨ་མི་རི་ཀའི་གཞུང་གིས་། ཡུ་གུར་མི་མང་མང་ཚོགས་ལ་རྡུང་རྡེག་དྲག་གནོན་ལ་སྐུལ་མཁན་གྱི་རྒྱ་ནག་གཞུང་གི་འབྲེལ་ཡོད་དཔོན་རིགས་དང་། གཞན་ཡང་མང་ཚོགས་ལ་རྡུང་རྡེག་དང་དམ་དྲག་གི་བྱེད་སྒོར་བེད་སྤྱོད་བྱེད་པའི་དངོས་ཆས་བཟོ་མཁན་གྱི་བཟོ་ཚོང་ལས་ཁང་ཁག་ལ་། དཔལ་འབྱོར་བཀག་སྡོམ་གྱིས་ཉེས་ཆད་འགེལ་རྒྱུའི་འཆར་གཞི་གཏིང་བཞིན་པའི་དཀའ་ངལ་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད་པ་རེད།

གསར་འགོད་པ་བློ་བཟང་ཡེ་ཤེས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎