ཤར་ཏུར་ཀིས་ཐན་ནང་མཐོང་ཚུལ་ངན་པ་དེ་མེད་པ་བཟོ་ཐབས་ཀྱི་གློག་བརྙན།

2021.04.03
ཤར་ཏུར་ཀིས་ཐན་ནང་མཐོང་ཚུལ་ངན་པ་དེ་མེད་པ་བཟོ་ཐབས་ཀྱི་གློག་བརྙན། ཤིང་ཅང་གི་མངའ་ཁུལ་ནང་མང་ཚོགས་འཆམ་མཐུན་མཉམ་གནས་ཀྱིས་བདེ་སྐྱིད་ཀྱི་དཔལ་ཡོན་ལྡན་པའི་འཚོ་བ་སྐྱེལ་བཞིན་པའི་སྤྲོ་སྣང་འཕེལ་བའི་གློག་བརྙན་བཟོས་ཏེ་མང་ཚོགས་ཀྱི་བློ་སེམས་འགུག་ཐབས་བྱ་རྒྱུ་འཆར་གཞི་བྱེད་ཀྱི་ཡོད་འདུག
ཡ་ཧུ་དྲ་གནས།

རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་རྒྱ་ནག་ལ་ཤར་ཏུར་ཀིས་ཐན་ཏེ་རྒྱ་ནག་གིས་ཤིང་ཅང་ཞེས་འབོད་པའི་ནུབ་བྱང་མངའ་ཁུལ་ནང་ཡུ་གོར་ཁ་ཆེ་མང་ཚོགས་ས་ཡ་བརྒལ་བ་བཙོན་རྭ་འདྲ་བའི་ངལ་སྩོལ་བསྒྱུར་བཀོད་རྭ་བའི་ནང་བཀག་གཉར་གྱིས་མི་རིགས་རྩ་བརླག་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་སྐྱོན་བརྗོད་དང་མཐོང་ཚུལ་དེ་མེད་པ་བཟོ་ཐབས་སླད་ ཤིང་ཅང་གི་མངའ་ཁུལ་ནང་མང་ཚོགས་འཆམ་མཐུན་མཉམ་གནས་ཀྱིས་བདེ་སྐྱིད་ཀྱི་དཔལ་ཡོན་ལྡན་པའི་འཚོ་བ་སྐྱེལ་བཞིན་པའི་སྤྲོ་སྣང་འཕེལ་བའི་གློག་བརྙན་བཟོས་ཏེ་མང་ཚོགས་ཀྱི་བློ་སེམས་འགུག་ཐབས་བྱ་རྒྱུ་འཆར་གཞི་བྱེད་ཀྱི་ཡོད་འདུག

དེ་ཡང་རྒྱ་ནག་གི་གཞུང་འབྲེལ་གོ་ལའི་གསར་ཤོག་གིས་ཤིང་ཅང་ནང་མང་ཚོགས་ཀྱི་འཚོ་བ་མཚོན་ལུགས་ཀྱི་ཆབ་སྲིད་དྲིལ་བསྒྲགས་ཆེད་བཟོས་པའི་གློག་བརྙན་གྱི་དྲིལ་བསྒྲགས་ཤིག་བྱེད་འགོ་བཙུགས་ཡོད་པ་རེད།

གློག་བརྙན་དེ་ནི་ཨ་མི་རི་ཀའི་གཞས་པ་སྒྱུ་རྩལ་བ་ཁག་ཅིག་གིས་Los Angeles གི་གྲོང་ཁྱེར་ནང་འཚོ་བའི་སེམས་ཁྲལ་གང་ཡང་མེད་པར་མི་ཚེ་སྤྲོ་སྣང་ལྡན་པ་སྐྱེལ་བཞིན་པའི་La La Land ཞེས་ཕྱི་ལོ་༢༠༡༦ལོར་བཟོ་བསྐྲུན་བྱས་པའི་གློག་བརྙན་དེ་དཔེར་ལེན་ཏེ། ཤིང་ཅང་གི་གཞས་པ་སྒྱུ་སྩལ་བ་ཁག་ཅིག་གིས་རང་གི་མངའ་ཁུལ་གྱི་ཡུལ་ལྗོངས་མཛེས་སྡུག་ལྡན་པའི་ཁོར་ཡུག་གི་ཁྲོད་སེམས་ལ་དཀའ་སྡུག་གང་ཡང་མེད་པ་ལྟ་བུའི་གླུ་གཞས་བཏང་སྟེ་འཚོ་བ་བདེ་སྐྱིད་ཀྱི་དཔལ་ཡོན་ལྡན་པ་སྐྱེལ་བཞིན་ཡོད་པ་གསལ་སྟོན་བྱས་ཡོད་པ་རེད།

ཆབ་སྲིད་གནད་དོན་དབྱེ་ཞིབ་པ་ཚོས་དེ་ནི་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་ཤིང་ཅང་ཡུ་གོར་ཁ་ཆེ་མང་ཚོགས་ལ་དྲག་གནོན་བཏང་བའི་གནད་དོན་ལ་སྐྱོན་བརྗོད་ཤུགས་ཆེ་ཕོག་བཞིན་པར་གློག་བརྙན་དེ་ལྟ་བུ་བཟོས་ཏེ་མང་ཚོགས་ལ་མགོ་བསྐོར་སླུ་བྲིད་ཐུབཔ་དཀའ་ཡང་། ནང་དོན་གློག་བརྙན་དེ་ནི་རྒྱལ་ཁབ་ནང་རྒྱ་རིགས་མང་ཚོགས་ལ་སླུ་བྲིད་ཆེད་བཟོས་ཡོད་པ་གསུངས་ཀྱི་ཡོད་པ་རེད།

རྒྱ་ནག་གིས་ཤར་ཏུར་ཀིས་ཐན་ཏེ་ཤིང་ཅང་ཞེས་འབོད་པའི་མའང་ཁུལ་ལ་ཡུ་གོར་ཁ་ཆེ་མང་ཚོགས་ས་ཡ་བརྒལ་བ་བཙོན་ར་འདྲ་བའི་གནས་བབས་འོག་དོ་དམ་གྱིས་ངལ་རྩོལ་བསྒྱུར་བཀོད་ལ་སྐུལ་བཞིན་པའི་སྐྱོན་བརྗོད་ཤུགས་ཆེ་ཕོག་པའི་སྐབས་། ཐོག་མར་མང་ཚོགས་ངལ་རྩོལ་བསྒྱུར་བཀོད་ལ་སྐུལ་གྱི་ཡོད་པའི་གནད་དོན་གཏན་ནས་དང་ལེན་བྱས་མེད་པ་དང་། མཐའ་མ་དངོས་ཡོད་གནས་སྟངས་སྦས་གསང་མ་ཐུབ་པའི་སྐབས་སུ་ཡུ་གོར་ཁ་ཆེའི་མི་མང་རྣམས་ངལ་རྩོལ་བསྒྱུར་བཀོད་ལ་སྐུལ་གྱི་མེད་པར་ལག་ཤེས་སྦྱོང་བརྡར་སྤྲོད་ཀྱི་ཡོད་ཚུལ་གྱི་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།

རྒྱ་ནག་གཞུང་གིས་སྲིད་བྱུས་དེ་འདྲ་བ་བོད་ཀྱི་ཞིང་འབྲོག་ས་ཁུལ་ཁག་ཅིག་ནང་དབུལ་ཕོངས་ངལ་སེལ་གྱི་ལས་གཞིའི་མིང་ཐོག་མི་རབས་མང་པོའི་རིང་ནས་ཡངས་ཞིང་རྒྱ་ཆེ་བའི་རྩ་ཐང་ཐོག་མི་ཚེ་སྐྱེལ་ནས་གནས་པའི་ཞིང་འབྲོག་མང་ཚོགས་ས་ཡ་ཕྱེད་ཀ་ཙམ་བཙན་དབང་གིས་དམག་མིའི་སྒྲིག་འཛུགས་འདྲ་བའི་བཟོ་གྲྭའི་ནང་ངལ་རྩོལ་བསྒྱུར་བཀོད་ལ་སྐུལ་ཏེ་ཤིང་ཅང་ནང་ཡུ་གོར་ཁ་ཆེའི་མི་མང་གི་གནས་སྟངས་དང་མཚུངས་པའི་དཀའ་ངལ་ལ་གདོང་ལེན་བྱ་དགོས་པ་བཟོ་བཞིན་ཡོད་པ་རེད།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དིང་རི་རྫོང་དུ་སླར་ཡང་ཕྱི་ཚེས་ ༡༣ ཉིན་ས་ཡོམ་འགུལ་ཚད་ ༥.༡ ཅན་ཞིག་བརྒྱབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎