ཡ་ཆེན་སྒར་ནས་ཕྱིར་ཕུད་བྱས་བའི་གྲྭ་བཙུན་ཚོར་སློབ་གསོ་སྤྲོད་བཞིན་འདུག


2019.07.01
ཡ་ཆེན་སྒར་གྱི་གྲྭ་བཙུན་ཁག་གཅིག ༼ཟླ་ཤེས་མི་གསལ ཡ་ཆེན་སྒར་གྱི་གྲྭ་བཙུན་ཁག་གཅིག ༼ཟླ་ཤེས་མི་གསལ
དུས་བབ།

རྒྱ་ནག་གཞུང་གིས་ཡ་ཆེན་སྒར་ནས་བཙན་གྱིས་ཕྱིར་ཕུད་བཏང་བའི་གྲྭ་བཙུན་རྣམས་ལ་ཆབ་མདོ་མཇོ་མདའ་རྫོང་དང་དཔལ་འབར་རྫོང་བཅས་སུ་བཀར་ཉར་གྱིས་སློབ་གསོ་སྤྲོད་བཞིན་འདུག
དེ་ཡང་རྒྱ་ནག་གཞུང་གིས་ཡ་ཆེན་ཆོས་སྒར་རམ་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་དུ་གྲྭ་བཙུན་གྲངས་༤༧༠༠་ལས་སྡོད་མི་ཆོག་པའི་བཀའ་རྒྱ་བཏང་ནས་གྲྭ་བཙུན་ཚོད་འཛིན་བྱེད་བཞིན་པ་དང་། ཉེ་བའི་ཆར་རྒྱ་ནག་གཞུང་གིས་ཡ་ཆེན་སྒར་ནས་དགེ་འདུན་པ་དང་བཙུན་མ་མང་པོ་ཞིག་བཙན་གྱིས་ཕྱིར་ཕུད་བཏང་དང་གཏོང་བཞིན་ཡོད་འདུག་ཅིང་།  ལྷག་པར་དུ་ཁམས་ཕྱོགས་དང་དབུས་གཙང་ཕྱོགས་ནས་ཡིན་མཁན་རྣམས་ཕྱིར་རང་གི་ས་གནས་སུ་འབྱོར་མ་ཐག་རྫོང་ཐོག་དུ་བཀག་ཉར་གྱིས་རྒྱ་ནག་གཞུང་གིས་ཆེད་དུ་ཆབ་སྲིད་སློབ་གསོ་ཟེར་བ་ཞིག་སྤྲོད་བཞིན་ཡོད་པ་བོད་ནས་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་གནས་ཚུལ་མཁོ་སྤྲོད་བྱས་ཡོད་པ་རེད།
མིང་འབོད་མ་བྱས་པའི་བོད་མི་དེས་བརྗོད་ན། ཉེ་བའི་ཕྱི་ཟླ་དྲུག་པའི་ཟླ་དཀྱིལ་ཙམ་དུ་ཡ་ཆེན་སྒར་གྱི་གྲྭ་བཙུན་ཕྱིར་འབུད་བྱས་པ་དེ་དག་དང་། ཡང་དེའི་རྗེས་སྔ་རྗེས་ཕྱིར་འབུད་ཐེངས་མ་གཉིས་ཙམ་བཏང་པའི་གྲྭ་བཙུན་དེ་དག་ཆབ་མདོ་མཇོ་མདའ་རྫོང་དུ་ཚང་མ་བཀག་ཉར་གྱིས་སློབ་གསོ་སྤྲོད་བཞིན་ཡོད་པ་དང་། མཇོ་མདའ་རྫོང་གི་བཀག་ཉར་ཁང་དུ་མ་ཤོང་བར་གྲྭ་བཙུན་གང་ཙམ་ཞིག་ཆབ་མདོ་ཁུལ་དུ་ཁྲིད་ནས་མེས་རྒྱལ་ས་དགའ་ཞེན་བྱེད་དགོས་པ་དང་། ཏཱ་ལའི་རུ་ཚོགས་ལ་འགག་ལན་སྐྱོན་བརྗོད་བྱེད་དགོས་པ། རྒྱལ་ཁབ་ཀྱི་གནས་ཚུལ་ཕྱི་ཕྱོགས་སུ་མི་ཤོད་པ་སོགས་ཆབ་སྲིད་ཀྱི་སློབ་གསོ་ཟེར་བ་སྤྲོད་བཞིན་ཡོད་འདུག། གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ཁོང་ཚོ་བཀག་ཉར་ཁང་དུ་འབྱོར་མ་ཐག་ལག་ཁྱེར་ཁ་པར་དང་ཅ་དངོས་སོགས་གཞུང་བཞེས་བཏང་རྐྱེན་དུས་ཐོག་གཞན་ལ་འབྲེལ་བ་བྱེད་དཀའ་བའི་གནས་སུ་གྱུར་བ་དང་།  སློབ་གསོ་རིམ་པ་སྤྲད་པ་བརྒྱུད་རྒྱུགས་སྤྲོད་གྲུབ་མཚམས་ཟླ་ངོ་གཅིག་གི་རྗེས་སུ་རང་གནས་སུ་ལོག་ཆོག་པ་བཤད་བཞིན་ཡོད་འདུག
ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་ནི། སྤྱི་ལོ་༡༩༨༤་ལོར་ཨ་ཁྱིག་གྲུབ་དབང་འཇམ་དབྱངས་ལུང་རྟོགས་རྒྱལ་མཚན་མཆོག་གིས་ཕྱག་བཏབ་པ་དང་། གསེར་རྟ་བླ་རུང་སྒར་དང་འདྲ་བར་བོད་མི་སེར་སྐྱ་དབྱེར་མེད་ཀྱིས་ནང་ཆོས་ལ་སློབ་གཉེར་དང་སྒྲུབ་པ་ཉམས་ལེན་གནང་སའི་བསྟི་གནས་ཆེན་པོ་ཞིག་ཡིན་ཞིང་། དགོན་གནས་དེ་གར་གཏན་སྡོད་གནང་མཁན་སློབ་གཉེར་བ་ཁྱོན་བསྡོམས་ཆིག་ཁྲི་ལྷག་ཡོད་པ་ཚོད་དཔག་བྱེད་བཞིན་པ་རེད།
ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་གྲྭ་བཙུན་གྱི་ཚད་གཞི་གཏན་འབེབས་བྱས་རྗེས། རིམ་པས་གྲྭ་ཤག་གཏོར་བཤིག་བཏང་འགོ་བཙུགས་པ་ལྟར། ཡ་ཆེན་སྒར་གྱི་གྲྭ་ཤག་ཀྱང་རིང་མིན་གཏོར་བཤིག་གཏོང་རྒྱུའི་འཆར་གཞི་ཡོད་པར་མི་ཚོས་དོགས་པ་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་ས་ཡོམ་རྐྱེན་པས་གློག་འདོན་ཆུ་མཛོད་ཆེན་པོ་ལྔ་ལ་གས་སྲུབས་ཤོར་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་སྲིད་འཛིན་གསར་པས་རྒྱ་ནག་གི་མཉེན་ཆས་ཊིག་ཊོག་ (TikTok) ཨ་རིའི་ནང་བཀག་སྡོམ་གྱི་དུས་ཡུན་ཕར་འགྱངས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎