རིག་གནས་ཀྱི་རིན་ཐང་ཆེན་པོ་ཡོད་པའི་བོད་ཀྱི་རིག་གནས་ལོ་རྒྱུས་ཐད་ཡང་ཞིབ་འཇུག་བྱེད་གལ་ཆེ། ཕྱི་དྲིལ་བཀའ་བློན་མཆོག་གིས།

2021-12-06
Share
རིག་གནས་ཀྱི་རིན་ཐང་ཆེན་པོ་ཡོད་པའི་བོད་ཀྱི་རིག་གནས་ལོ་རྒྱུས་ཐད་ཡང་ཞིབ་འཇུག་བྱེད་གལ་ཆེ། ཕྱི་དྲིལ་བཀའ་བློན་མཆོག་གིས། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས། ༡༢།༢༡
tibettv

བོད་ཀྱི་ངོ་བོ་གསལ་བོར་མཚོན་པའི་ཆབ་སྲིད་ཀྱི་ལོ་རྒྱུས་ཙམ་མ་ཟད། རིག་གནས་ཀྱི་རིན་ཐང་ཆེན་པོ་ཡོད་པའི་བོད་ཀྱི་རིག་གནས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་རྒྱུའང་ཧ་ཅང་གལ་ཆེན་ཡིན་པ། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་གོ་སྒྲིག་གནང་བའི་རྒྱ་གར་གཞོན་སྐྱེས་མཁས་པའི་བོད་རིག་པའི་ཚོགས་འདུ་ཐེངས་གཉིས་པ་འདི་ཚེས་༦་ཉིན་དྲ་ལམ་ཐོག་དབུ་འབྱེད་དང་མཉམ་གསུངས་ཡོད་པ་རེད།
བཀའ་བློན་མཆོག་གིས་སྐབས་དེར། དེང་སང་གི་རྒྱལ་ཁབ་ཕན་ཚུན་གྱི་ས་མཚམས་རྩོད་རྙོག་དང་རྒྱལ་མཚམས་བདེ་སྲུང་ཙམ་མིན་པར། ཧི་མ་ལ་ཡའི་རི་རྒྱུད་ཀྱིས་རིག་གནས་འབྲེལ་མཐུད་དང་བསམ་བློ་བརྗེ་རེས། ཚོང་དང་མི་རིགས་སྣ་ཚོགས་འབྲེལ་ཐུག་བཅས་བྱུང་ཡོད་ཅིང་། རྒྱ་གར་གྱི་ནུབ་ལ་དྭགས་ནས་ཤར་མོན་གྱི་བར་དང་། འབྲུག་རྒྱལ་ཁབ་དང་བལ་བོ་རྒྱལ་ཁབ་བཅས། རི་རྒྱུད་འདིའི་ཡུལ་ལུང་མང་པོ་ཕལ་མོ་ཆེས་བོད་ཀྱི་སྐད་ཡིག་བེད་སྤྱོད་གནང་བཞིན་པ་མ་ཟད། བོད་བརྒྱུད་ནང་བསྟན་གྱི་རྗེས་སུ་འཇུག་བཞིན་པ་ཡིན་པས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཧ་ཅང་མང་པོས་༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཐག་གཅོད་ཀྱི་དབང་ཆ་༧གོང་ས་མཆོག་རང་ལ་ཡོད་པ་ལས། རྒྱ་ནག་གཞུང་ལ་བྱུས་གཏོགས་མེད་པའི་དགོངས་ཚུལ་གསལ་སྟོན་གནང་གི་ཡོད་ཅིང་། དེང་རབས་དང་སྲོལ་རྒྱུན་གཉིས་ཀྱི་ཐོག་ནས་ལོ་རྒྱུས་ཉམས་ཞིབ་ཀྱིས། བོད་ཀྱི་ངོ་བོ་གསལ་བོར་མཚོན་པའི་སྲིད་དོན་ལོ་རྒྱུས་ཙམ་མ་ཟད། རིག་གནས་ཀྱི་རིན་ཐང་ཆེན་པོ་ཡོད་པའི་ལོ་རྒྱུས་ཉམས་ཞིབ་བྱ་རྒྱུ་ཡང་ཧ་ཅང་གལ་ཆེན་ཡིན་པ་གསལ་འདེབས་གནང་ཡོད་པརེད།
ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། རྒྱ་གར་དང་བོད་ལ་ལོ་རྒྱུས་ཐོག་ནས་ཐད་ཀར་འབྲེལ་བ་ཡོད་པར་བརྟེན། རྒྱ་གར་དང་བོད་བར་གྱི་ལོ་རྒྱུས་ལ་ཉམས་ཞིབ་བགྲོ་གླེང་བྱ་གལ་ཆེན་པོ་རེད་ཅེས་འགྲེལ་བརྗོད་གནང་སོང་།
ཉམས་ཞིབ་མཁས་པ་ནུབ་བྷངྒལ་གཙུག་ལག་སློབ་ཆེན་གྱི་སྤྱི་ཚོགས་རིག་པའི་སློབ་དཔོན་ལས་རོགས། དོན་གྲུབ་རྒྱ་བཟའ་བྷོཊིཡ་ལགས་ནས་བོད་དང་ཤར་ཧི་མ་ལ་ཡའི་རི་རྒྱུད་དུ། རིག་གནས་དང་མི་རིགས་ཀྱི་ངོས་འཛིན་དང་འབྲེལ་ནས་བྷོ་ཊི་ཡ་མི་རིགས་སྐོར་འགྲེལ་བརྗོད་སྐབས། རྒྱལ་ཁབ་ཀྱི་ངོས་འཛིན་ཆ་ནས་བོད་རང་སྐྱོང་ལྗོངས་དེ་བོད་ལ་ངོས་འཛིན་བྱེད་ཀྱི་ཡོད་ནའང་། ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཀྱི་ཆ་ནས་རྒྱལ་ཁབ་འདྲ་མིན་གྱི་མངའ་ཁོངས་སུ་གཏོགས་པ། ཧི་མ་ལ་ཡའི་གྲངས་ཉུང་མི་རིགས་ཁག་བོད་དང་འབྲེལ་བ་ཆེན་པོ་ཡོད་ཅིང་། བྷོ་ཊི་ཡ་ལྟ་བུ་ཁ་ཤས་ཀྱིས་མི་རིགས་གཞན་ཞིག་ཡིན་པར་གོ་ནོར་ཐེབས་མཁན་བྱུང་གི་ཡོད་མོད། དོན་གྱིས་ལེགས་སྦྱར་སྐད་ཀྱི་བོད་རང་ནས་ཡོང་བར་གོ་བ་ལེན་དགོས་པ་སོགས་འགྲེལ་བརྗོད་གནང་ཡོད་པ་རེད།
གཞན་ཡང་རྒྱ་གར་བུད་མེད་སྤྱི་ཚོགས་རིག་པ་བ་(Joanna Coelho)་ལགས་ནས། རྒྱ་གར་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འགྱུར་བ་དང་ནང་ཆོས་ཉམས་ལེན་སྐོར་དང་། ཡང་བུད་མེད་མཁས་པ་ཤར་པ་ལེགས་ལྡན་ལགས་ནས། མི་ལ་རས་པ་དང་མར་པ་ལོ་ཙཱ་བའི་རྣམ་ཐར་དང་འབྲེལ་ཏེ་རྒྱ་གར་དང་བོད་ཀྱི་འབྲེལ་བ་སོགས་ངོ་སྤྲོད་གནང་ཡོད་པ་རེད། ཧི་མ་ལ་ཡའི་རི་བརྒྱུད་དང་བོད་རིག་པའི་ཚོགས་འདུ་དྲ་ཐོག་བགྲོ་གླེང་དེ་ཉི་མ་གསུམ་རིང་གནང་བཞིན་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།