ནང་པའི་ལྟ་གྲུབ་དང་དེང་དུས་ཀྱི་ཚན་རིག་གཉིས་ཀྱི་དབར་མཐུན་པ་དང་མི་མཐུན་པའི་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་པ།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་ ༤༠ ལྷག་གི་རིང་ནང་པའི་ལྟ་གྲུབ་དང་དེང་དུས་ཀྱི་ཚན་རིག་ཐོག་ལ་མཛད་འཕྲིན་མང་དག་ཅིག་བསྐྱངས་དང་སྐྱོང་བཞིན་ཡོད་པ་ལྟར། ལྡི་ལི་བོད་ཁང་གི་འགན་འཛིན་དང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་གསུང་སྒྱུར་ཞབས་ཞུ་བསྒྲུབས་མྱོང་མཁན་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་ཀྱིས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་བཞུགས་ཐོག་ཕྱི་ལོ་ ༡༩༨༧ ནས་དབུ་འཛུགས་ཀྱིས་སེམས་དང་སྲོག་གི་ཚོགས་འདུ་ཞེས་ཚོགས་ཆེན་ཞིག་ལོ་རེར་ཐེངས་རེ་དང་སྐབས་རེ་ལོ་རེར་ཐེངས་གཉིས་དང་གསུམ་འཚོགས་བཞིན་ཡོད་པ་རེད། ད་ལྟའི་ཆར་གནས་ལུགས་འདི་འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་སྤེལ་ཇེ་ཆེར་སོང་སྟེ་འཛམ་གླིང་ནང་དེང་སང་སངས་རྒྱས་ཀྱི་བསྟན་པ་ཟེར་དུས་དམིགས་བསལ་གྱི་ཆེ་མཐོང་ཆེན་པོ་ཞིག་ཐོབ་ཡོད་པ་དང་དེ་ཡང་ཚན་རིག་དང་དཔུང་པ་མཉམ་གཤིབ་བྱེད་ཐུབ་ཀྱི་ཡོད་པ་མངོན་གསལ་དོད་པོ་ཆགས་ཡོད་ལ། དེའི་ནང་ཀླད་ཁམས་ཚན་རིག་དང་། དངོས་ཁམས་ཚན་རིག་དང་དཔུང་པ་མཉམ་གཤིབ་བྱེད་དེ་བསྐྱོད་ཐུབ་པ་མངོན་གསལ་དོད་པོའི་མཐོང་རྒྱུ་ཡོད་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ད་རེས་ལ་དྭགས་ས་གནས་སུ་ (Flowering Dharma) ཞེས་པའི་ཚོགས་པས་དམིགས་བསལ་འགན་འཁུར་འོག་ལ་དྭགས་ས་གནས་སུ་(Convergence and divergence of Buddhist philosophy and modern science) ནང་པའི་ལྟ་གྲུབ་དང་དེང་དུས་ཀྱི་ཚན་རིག་གཉིས་ཀྱི་དབར་མཐུན་པ་དང་མི་མཐུན་པའི་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་ཞུས་འདུག དེའི་བརྒྱུད་དམིགས་བསལ་ལ་དྭགས་པའི་གཞོན་སྐྱེས་མང་པོ་ཞིག་ལ་ཕན་རླབས་ཆེན་པོ་བྱུང་ཡོད་པའི་ཚོར་བ་བཤད་མཁན་བྱུང་སོང་ལ། དེའི་ཁྲོད་ནས་བཀྲིས་ཆོས་མགོན་ལགས་ཀྱིས་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་ཀྱི་གཏམ་བཤད་དངོས་སུ་ཉན་རྒྱུ་བྱུང་པ་ད་རེས་ཐེངས་གཉིས་པ་ཡིན་པ་དང་བསྐྱར་དུ་བརྗོད་གཞི་འདིའི་ཐོག་དྲན་སྐུལ་ཐེབས་པར་དགའ་ཚོར་བྱུང་ཡོད་པ་དང་ད་རེས་དམིགས་བསལ་མིའི་མི་ཚེའི་སྙིང་པོའི་སྐོར་གོ་རྟོགས་གསལ་པོ་དང་གནས་ལུགས་གསར་པ་ཤེས་བྱུང་ཞེས་བརྗོད་བྱུང་།
ཡང་དེང་སང་གཞོན་སྐྱེས་མང་པོ་ཞིག་ནི་དེང་དུས་ཀྱི་ཤེས་ཡོན་སློབ་གསོ་ཐོབ་མྱོང་མཁན་ཡིན་དུས་ཁོང་ཚོར་ནང་ཆོས་དེ་བཞིན་ཚན་རིག་གི་བརྒྱུད་ལམ་ཐོག་ནས་འགྲེལ་བཤད་སྐྱོན་སྐབས་དོ་སྣང་དང་དབྱིངས་དམིགས་བསལ་སླེབས་པ་ཞིག་ཡོང་གི་ཡོད་སྟབས་གོ་སྒྲིག་ཚོགས་ཆུང་གིས་བརྗོད་གཞི་འདི་འདྲ་ཞིག་དམིགས་བཀར་བདམས་ཡོད་པ་རིན་ཆེན་བྱང་ཆུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཡང་འཇིགས་མེད་སྒྲོལ་དཀར་ལགས་ཀྱིས་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་ཀྱི་གསུང་བཤད་ཀྱི་ལས་རིམ་མང་པོའི་ནང་མཉམ་ཞུགས་བྱས་མྱོང་ཡོད་པ་དང་ཐེངས་རེ་རེ་བཞིན་སློབ་སྐྱེས་གསར་པ་ཞིག་ཐོབ་ཀྱི་འདུག་ཅེས་གསུངས་བྱུང་ལ། ཡང་སུ་ཞིག་གིས་བཀའ་འདྲི་ཇི་ལྟར་ཞུས་ཀྱང་དགེ་བཤེས་ལགས་ཀྱིས་ནང་ཆོས་ལ་ཁས་ལེན་བྱེད་མཁན་ཡིན་རུང་ཁས་ལེན་མི་བྱེད་མཁན་ཡིན་རུང་གོ་སླ་བའི་ཐོག་ནས་འགྲེལ་བཤད་དང་ལམ་སྟོན་གནང་གི་ཡོད་སྐོར་གསུངས་བྱུང་།
གསུང་བཤད་ཀྱི་ལས་རིམ་དེ་བཞིན་ལ་དྭགས་ས་གནས་སུ་སངས་རྒྱས་ཀྱི་རིང་སྲེལ་རིན་པོ་ཆེ་གདན་ཞུས་པའི་དུས་སྐབས་དང་མཉམ་འདི་ལོ་སྟེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ཕེབས་པའི་༧སྐུའི་གོ་སྟོན་སྲུང་བརྩི་ཞུ་བའི་ཁྲོད་ཀྱི་ལས་རིམ་ཞིག་རེད་འདུག
བརྙན་པར་སྒྲིག་སྦྱོར་བ། འཕྲིན་ལས་ཆོས་སྒྲོན།
