ཏོག་དབྱིབས་ནད་རིམས་སྔོན་འགོག་གི་ལས་གཞི།

2020-03-23
གློག་འཕྲིན།
མཆན།
Share
པར་བཀོད།
ལྡེ་ར་ལྡུན་བོད་མིའི་གཞིས་འགོ་དབུས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་ལས་གཞི་སྤེལ་མུས་རེད་འདུག
ལྡེ་ར་ལྡུན་བོད་མིའི་གཞིས་འགོ་དབུས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་ལས་གཞི་སྤེལ་མུས་རེད་འདུག
བློ་བཟང་།

༄༅།།ཕྱི་ཟླ་༣ཚེས་༢༣རེས་གཟའ་ཟླ་བའི་ཉིན་བདེ་སྐྱིད་གླིང་བོད་མིའི་གཞིས་སྒར་ནང་ས་གནས་འཕྲོད་བསྟེན་སྨན་ཁང་དང་ས་གནས་གཞོན་ནུ་ཟུང་འབྲེལ་གྱིས་ཞོགས་པ་ཆུ་ཚོད་ལྔ་པ་ནས་ཕྱི་དྲོའི་ཆུ་ཚོད་བདུན་པའི་བར་ཏོག་དབྱིབས་ནད་དུག་གསར་པའི་རིམས་ནད་སྔོན་འགོག་གི་ལས་འགུལ་སྣ་མང་སྤེལ་མུས་རེད་འདུག །དེའི་ཐད་བདེ་སྐྱིད་གླིང་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་ཚེ་རིང་ཕུན་ཚོགས་ནས། དེ་ཡང་གཞིས་སྒར་ནང་གི་དུད་ཚང་རེ་རེའི་སྒོ་ཁར་ཕར་ཕྱིན་ཏེ་རིམས་ནད་གསར་པའི་ནད་རྟགས་ཡོད་མེད་དང་། དེ་བཞིན་གསར་དུ་འབྱོར་བའི་འགྲོན་པོ་ཡོད་མེད་ཀྱི་འབྱོར་ཐོ་བཀོད་པ་དེ་དང་མཉམ་དུ་ནད་རིམས་སྔོན་འགོག་བྱེད་ཐབས་སྐོར་ལ་གོ་རྟོགས་ལས་འགུལ་སྤེལ་གྱི་ཡོད་པ་རེད། དེའི་ཐད་བདེ་སྐྱིད་གླིང་ས་གནས་འཕྲོད་བསྟེན་སྨན་ཞབས་སྒྲོལ་མ་ལགས་ནས།  རིམས་ནད་གསར་པའི་བརྟག་ཐབས་ཐད་གཙོ་བོ་ཚ་བ་ཡོད་མེད་དང་། མིད་པར་ཚ་ཤར་རྒྱག་གི་ཡོད་མེད་སོགས་གཞི་རྩར་བཟུང་སྟེ་བརྟག་དཔྱད་བྱེད་ཀྱི་ཡོད་ཅིང་། ཆམ་རིམས་ཕོག་པའམ་ཆམ་རིམས་ཀྱི་ནད་རྟགས་ཡོད་མཁན་ཚོར་དམིགས་བསལ་སྨན་བཅོས་སོགས་བྱེད་ཀྱི་ཡོད་པ་རེད་འདུག །དེའི་ཐད་ཁོང་གིས་མུ་མཐུད་གསུང་དོན། ལས་གཞི་འདི་ཉིད་འདི་ཟླའི་ཚེས་༢༡ ནས་འགོ་བཙུགས་ཏེ་ག་ཚོད་ཐུབ་ཐུབ་ཀྱིས་སྤེལ་རྒྱུའི་འཆར་གཞི་ཡོད་པ་རེད་འདུག །དེའི་ཐད་ཚེ་རིང་ཕུན་ཚོགས་ལགས་ནས་གསུང་དོན། རིམས་ནད་སྔོན་འགོག་གི་ལས་གཞིའི་ཐད་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་ངོས་ནས་བཀའ་ཤག་གི་བཀོད་ཁྱབ་བརྒྱུད་བསྒྲགས་དང་འབྲེལ་ས་གནས་འཕྲོད་བསྟེན་སྨན་ཁང་དང་གོ་བསྡུར་གྱིས་ཐོག་ནས་ཕྱི་མི་གསར་པ་ནང་དུ་ཡོང་མཁན་ཚང་མ་ཐོ་འགོད་དང་དམིགས་བསལ་བརྟག་དཔྱད་བྱ་དགོས་པའི་ལམ་སྟོན་སོགས་གནང་ཡོད་པ་རེད། དེའི་ཐད་བདེ་སྐྱིད་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་རྩིས་པ་བསྟན་འཛིན་འོད་ཟེར་ལགས་ནས།  སྤྱིར་སྟངས་ལྡེ་ར་ལྡུན་ཁུལ་དུ་མི་མང་འདུ་འཛོམས་ཆེ་བའི་ས་ཁུལ་ཞིག་ཡིན་པ་དང་། ལྷག་པར་དུ་བདེ་སྐྱིད་གླིང་ལྟ་བུ་ལ་མཚོན་ན་བོད་པ་ཙམ་དུ་མ་ཟད་མི་རིགས་འདྲ་མིན་འགྲོ་འོང་བྱེད་སའི་ས་ཁུལ་ཞིག་ཆགས་བཞིན་ཡོད་སྟབས། ནད་རིམས་འགོས་ཁྱབ་ཡོང་བའི་ཉེན་ཁ་ཆེན་པོ་ཡོད་པར་བརྟེན། ས་གནས་འགོ་འཛིན་ལས་ཁུངས་དང་འཕྲོད་བསྟེན་ལས་ཁུངས། གཞོན་ནུ་སོགས་ཀྱིས་ངོས་ནས་ནད་རིམས་སྔོན་འགོག་གི་ལས་འགུལ་སྤེལ་མུས་ཡིན་པ་དང་། ས་གནས་འཕྲོད་བསྟེན་ལས་ཁུངས་ཀྱིས་ངོས་ནས་ལག་པ་འཁྲུད་བྱེད་ཀྱི་འདག་རྫས་དང་བརྟག་ཐབས་ཡོ་ཆས་དེ་བཞིན་བརྟག་དཔྱད་སོགས་རིན་མེད་ངང་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་དོགས་གཞི་ཅན་གྱི་ནད་པ་འཇོག་སའི་ཟུར་བཅད་ཁང་བཅས་གྲ་སྒྲིག་འཐུས་ཚང་བྱས་ཡོད་པ་དང་། གཞོན་ནུས་ངོས་ནས་གཞིས་སྒར་ནང་འགྲོ་འོང་བྱེད་མཁན་ཚང་མར་ཁ་རས་རིན་མེད་ངང་འགྲེམས་སྤེལ་བྱེད་བཞིན་ཡོད་པ་བཅས་མདོར་ན་གཞིས་སྒར་ནང་འགྲོ་འོང་བྱེད་མཁན་ཚང་མར་བརྟག་དཔྱད་དང་ཐོ་འགོད་སོགས་བྱེད་བཞིན་ཡོད་པ་རེད་འདུག །ལྡེ་ར་ལྡུན་བདེ་སྐྱིད་གླིང་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བློ་བཟང་ནས།།

མཆན། (0)
Share
དྲ་གནས་ཆ་ཚང༌།