རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ལ་ཕྱི་ནང་གི་ལྟ་ཚུལ།

རྒྱལ་སྤྱིའི་ཐོག་རྒྱ་ནག་གི་མི་རིགས་མཐུན་འབྲེལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ལ་སྐྱོན་བརྗོད་བྱེད་བཞིན་པ་དང་བོད་ནང་བཙན་ཤེད་ཀྱིས་སློབ་སྦྱོང་བྱེད་བཅུག་པ།

རྒྱ་ནག་གཞུང་གིས་གཏན་ལ་ཕབ་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཟེར་བ་དེ་ཟླ་ ༧ ཚེས་ ༡ ཉིན་ནས་དངོས་སུ་ལག་བསྟར་བྱེད་ཀྱི་ཡོད་པ་དང་། ཁྲིམས་འདི་བརྒྱུད་ནས་བོད་མིའི་ཐོབ་ཐང་དང་ངོ་བོ། རིག་གཞུང་ལ་སོགས་པར་དམ་དྲག་དང་། བཙན་ཤེད་ཀྱིས་རྒྱ་འགྱུར་གྱི་སྲིད་ཇུས་སྤེལ་བཞིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ནས་སྐྱོན་བརྗོད་དང་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། བོད་ནང་གི་བོད་མི་ཚོའི་ཁྲོད་དུ་ཡང་གཞུང་ཕྱོགས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་མིང་ཐོག་ནས་ཚོགས་འདུ་དང་སློབ་སྦྱོང་མང་པོ་བཙན་ཤེད་ཀྱིས་སྐོང་ཚོགས་བྱས་པར་སུན་སྣང་བྱེད་ཀྱི་ཡོད་འདུག

རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་བཙན་ཤེད་ཀྱིས་སློབ་སྦྱོང་དང་ཚོགས་འདུ་སྐོང་བཞིན་པ།

ཁྲིམས་འདི་ཟླ་ ༧ ཚེས་ ༡ ཉིན་ནས་ལག་བསྟར་བྱེད་པའི་ཆེད་དུ་བོད་མདོ་དབུས་ཁམས་གསུམ་ནང་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་སྐོར་གྱི་ཁྲིམས་འདི་དང་འབྲེལ་བའི་ཚོགས་འདུ་སྐོང་ཚོགས་དང་སློབ་སྦྱོང་འཛིན་གྲྭ་མང་པོ་ཚོགས་བཞིན་ཡོད་པ་རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་ནང་བཀོད་འདུག

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་མི་རིགས་ཆོས་ལུགས་ཕྱི་འབྲེལ་ལས་དོན་ལྷན་ཁང་གིས་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གསར་པ་འདི་ནི་རྒྱ་ནག་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཟོ་བ་ཟེར་བའི་ཁྲིམས་ལུགས་གལ་ཆེན་ཞིག་ཡིན་པར་ནན་བརྗོད་བྱས་ཏེ། བོད་ནང་གི་ལས་ཁུངས་དང་། ཁེ་ལས། གྲོང་གསེབ། སློབ་གྲྭ། དགོན་པ་བཅས་ཚང་མའི་ནང་ཁྲིམས་འདི་དྲིལ་བསྒྲགས་བྱེད་རྒྱུ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་རྣམས་རྒྱ་ནག་ཀྲུང་ཧྭ་རིག་གནས་ཟེར་བའི་ཁོངས་སུ་བསྒྱུར་རྒྱུའི་འཆར་གཞི་དང་། རྒྱ་ཡིག་རྒྱ་སྐད་ཁྱབ་སྤེལ་ཤུགས་ཆེ་རུ་གཏོང་རྒྱུ་བརྗོད་འདུག

རྒྱལ་སྤྱིའི་ཐོག་རྒྱ་ནག་གི་མི་རིགས་མཐུན་འབྲེལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ལ་སྐྱོན་བརྗོད་བྱེད་བཞིན་པ་དང་བོད་ནང་བཙན་ཤེད་ཀྱིས་སློབ་སྦྱོང་བྱེད་བཅུག་པ།
རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ལ་ཕྱི་ནང་གི་ལྟ་ཚུལ། བོད་རང་སྐྱོང་ལྗོངས་ནས་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གསར་པ་དང་འབྲེལ་བའི་ཚོགས་འདུ་སྐོང་འཚོགས་བྱས་པ། (བོད་ནང་གི་གཞུང་འབྲེལ་བརྒྱུད་ལམ།)

ཡང་ཟླ་ ༦ ཚེས་ ༡༥ ནས་ ༡༦ བར་མཚོ་སྔོན་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་སློབ་གྲྭར་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཟེར་བའི་ཆེད་མངགས་དོན་གཉེར་གྱིས་སློབ་སྦྱོང་འཛིན་གྲྭ་བཙུགས་ཏེ། ཞིང་ཆེན་དང་། ཁུལ། རྫོང་བཅས་རིམ་པ་གསུམ་གྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་ཁུངས་ཀྱི་འགོ་ཁྲིད་ཚོར་སློབ་སྦྱོང་སྤྲད་པ་དང་། དེ་བཞིན་ཟླ་ ༥ པའི་ཟླ་མཇུག་ཏུ་མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་འགོ་ཁྲིད་ནས་ཡུལ་ཤུལ་ཁུལ་གྱི་ནང་ཆེན་རྫོང་དང་། ཆུ་དམར་ལེབ་རྫོང་། སྐྱེ་རྒུ་མདོ་གྲོང་ཁྱེར་བཅས་ཀྱི་བོད་བརྒྱུད་ནང་བསྟན་དགོན་པ་ཁག་ཏུ་ཕྱིན་ནས། དགོན་པའི་གྲྭ་བཙུན་ཚོར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ (རྒྱ་སྐད་) བཙན་ཤེད་ཀྱིས་སློབ་སྦྱོང་བྱེད་དགོས་པ་དང་། རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་བཏང་པའི་ལས་འགུལ་རྒྱུན་གཏན་ཅན་དུ་བཟོ་དགོས་པའི་བཀའ་བཏང་འདུག

དེ་བཞིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ནང་ཉག་རོང་། དཔལ་ཡུལ། ལྕགས་ཟམ་ཁ། སྡེ་རོང་། ཉག་ཆུ་སོགས་རྫོང་ཁག་གི་ལས་ཁུངས་དང་། སློབ་གྲྭ། དགོན་པ་བཅས་སུ་ཚོགས་འདུ་གྲངས་མེད་བསྐོངས་ཏེ། ལས་བྱེད་དང་མི་མང་ཁྲི་ ༧.༨ ལྷག་ལ་བཙན་ཤེད་ཀྱིས་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་འདི་སློབ་སྦྱོང་བྱེད་བཅུག་འདུག ཉག་ཆུ་རྫོང་དུ་རྒྱ་བོད་ཤན་སྦྱར་གྱི་སྒྲོག་སྦྱང་འགྲེལ་བཤད་རུ་ཁག་(སྒྲོག་འགྲེལ་རུ་ཁག་) བཙུགས་ཏེ་གྲྭ་བཙུན་དང་། དགེ་རྒན། དམག་མི་སོགས་ལ་སློབ་སྦྱོང་སྤྲད་པ་དང་། གསེར་རྟ་རྫོང་དུ་ཁྲིམས་གསར་པ་འདི་ཚིག་གསུམ་མ་ཟེར་བ་བཟོས་ཏེ་མང་ཚོགས་ལ་བཙན་ཤེད་ཀྱིས་བློ་འཛིན་བྱེད་བཅུག་བཞིན་ཡོད་འདུག

རྒྱལ་སྤྱིའི་ཐོག་རྒྱ་ནག་གི་མི་རིགས་མཐུན་འབྲེལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ལ་སྐྱོན་བརྗོད་བྱེད་བཞིན་པ་དང་བོད་ནང་བཙན་ཤེད་ཀྱིས་སློབ་སྦྱོང་བྱེད་བཅུག་པ།
རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ལ་ཕྱི་ནང་གི་ལྟ་ཚུལ། ཁམས་དཔལ་ཡུལ་རྫོང་ནང་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་གསར་པ་དང་འབྲེལ་བའི་ཚོགས་འདུ་འཚོགས་པ། (བོད་ནང་གི་གཞུང་འབྲེལ་བརྒྱུད་ལམ།)

བོད་ནང་གི་བོད་མིའི་བསམ་ཚུལ།

རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་བོད་རྒྱ་མི་རིགས་འཆམ་མཐུན་དང་། བོད་མི་ཚོས་དགའ་གུས་བྱེད་བཞིན་ཡོད་པའི་རྣམ་པ་འདྲ་མིན་བཟོ་བཞིན་ཡོད་ཀྱང་། བོད་ནང་གི་དངོས་ཡོད་གནས་ཚུལ་ལ་བོད་མི་ཚོའི་ཁྲོད་དུ་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་འདིར་སུན་སྣང་དང་དུས་མཚུངས་བློ་འཚབ་ཆེན་པོ་ཡོང་གི་ཡོད་འདུག

བོད་ནང་གི་བོད་མིས་བརྗོད་པར། ཁྲོམ་གཞུང་ཐོག་མི་རིགས་མཐུན་སྒྲིལ་དགོས་པའི་ཡིག་བྱང་དང་དྲིལ་བསྒྲགས་སྣ་ཚོགས་མཐོང་རྒྱུ་ཡོད་ལ། མང་ཚོགས་དང་ལས་བྱེད་པ་སོགས་ཀྱི་ཁྲོད་དུ་གཞུང་ཕྱོགས་ནས་ཉིན་ལྟར་མི་རིགས་མཐུན་སྒྲིལ་དགོས་པའི་སློབ་སྦྱོང་དང་ཚོགས་འདུ་རྫོགས་རྒྱུ་མེད་པ་བསྐོངས་ཏེ། མི་མང་གི་ཉིན་རེའི་འཚོ་བ་དང་ལས་ཀར་བར་ཆད་བཟོ་བཞིན་ཡོད་པ་མ་ཟད། གཞུང་གི་གསར་འགྱུར་བརྒྱུད་ལམ་ཐོག་ལ་ཡང་དྲིལ་བསྒྲགས་རྫོགས་རྒྱུ་མེད་པ་དང་། ཡང་ཕྱོགས་གཞན་ཞིག་ནས་བོད་པའི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། ཆོས་ལུགས། རིག་གཞུང་གི་ངོ་བོ་བཅས་ཀྱི་ཐོག་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱ་མི་རིགས་ཀྱི་རིག་གཞུང་དང་དམར་ཤོག་གི་ལྟ་བ་བཙན་ཤེད་ཀྱིས་ཀླད་པའི་ནང་ལ་བླུག་ཐབས་བྱེད་བཞིན་པར་སུན་སྣང་དང་། བོད་མི་ཚོ་བློ་ཕམ་དང་ཡིད་ཐང་ཆད་བཞིན་ཡོད་པ་བརྗོད་མཁན་འདུག

རྒྱལ་སྤྱིའི་ཐོག་རྒྱ་ནག་གི་མི་རིགས་མཐུན་འབྲེལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ལ་སྐྱོན་བརྗོད་བྱེད་བཞིན་པ་དང་བོད་ནང་བཙན་ཤེད་ཀྱིས་སློབ་སྦྱོང་བྱེད་བཅུག་པ།
རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ལ་ཕྱི་ནང་གི་ལྟ་ཚུལ། སྐྱེ་རྒུ་མདོ་ཁུལ་དུ་དགོན་པ་ཁག་གི་འཐུས་མིར་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་གསར་པ་དང་འབྲེལ་བའི་ཚོགས་འདུ་འཚོགས་པ། (བོད་ནང་གི་གཞུང་འབྲེལ་བརྒྱུད་ལམ།)

རྒྱལ་སྤྱིའི་དོ་སྣང་དང་རྒྱ་ནག་གི་ཁྲིམས་གསར་པར་སྐྱོན་བརྗོད།

ཉེ་ཆར་ཇེ་ཎེ་ཝར་འཚོགས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༦༢ པའི་ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཞུ་གཏུག་ལས་བྱེད་པ་མེ་ལེ་ནི་བྷི་ལོན་ཌེལ་ལགས་ཀྱིས་གཏམ་བཤད་སྤེལ་ཏེ། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་གསར་པ་འདིས་བོད་མིའི་ངོ་བོ་དང་བསམ་ཚུལ་བཏོན་པའི་ཐོབ་ཐང་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་སྐོར་གསལ་སྟོན་གནང་འདུག་ལ། རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་ཕྱིར་ཡོད་པའི་བོད་མི་ཚོར་དམ་དྲག་དང་གནོན་ཤུགས་སྤྲོད་རྒྱུ་རྒྱ་བསྐྱེད་འགྲོ་བཞིན་པའི་སྐོར་ཡང་ནན་བརྗོད་གནང་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་གི་རྩུབ་སྤྱོད་འདིར་མངོན་གསལ་དོད་པོས་ཁ་གཏད་གཅོག་དགོས་པའི་འབོད་སྐུལ་གནང་འདུག ཐེངས་འདིའི་ལྷན་ཚོགས་ནི་ཕྱི་ལོ་ ༢༠༠༦ ལོར་ལྷན་ཚོགས་འདི་ཉིད་ཐོག་མར་དབུ་བརྙེས་ནས་ལོ་ངོ་ ༢༠ འཁོར་བའི་དུས་དྲན་གྱི་འདུ་ཚོགས་ཤིག་ཀྱང་ཆགས་ཡོད།

དེ་བཞིན་ ༢༠༢༦ ལོའི་ཟླ་ ༦ ཚེས་ ༡༧ ཉིན་གྱི་ཚོགས་འདུའི་སྟེང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་དང་། ཨོ་སི་ཊོ་ལི་ཡ། ཁེ་ན་ཌ། དབྱིན་ཡུལ་སོགས་རྒྱལ་ཁབ་ཁག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ་དང་། ལྷག་པར་དུ་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཟེར་བ་དེར་སེམས་འཚབ་ཆེན་པོ་ཡོད་པ་བརྗོད་པ་དང་། ཁྲིམས་འདི་ནི་བོད་མིའི་ངོ་བོ་དང་རིག་གཞུང་རྩ་མེད་གཏོང་བྱེད་ཀྱི་མི་རིགས་རྒྱ་བསྒྱུར་གྱི་སྲིད་ཇུས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་འདུག

དེ་མིན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སོགས་མང་པོས་རྒྱ་ནག་གི་ཁྲིམས་གསར་པ་འདི་ལག་བསྟར་བྱེད་ལ་ཉེ་བའི་སྐབས་དེར་བོད་དང་ཤར་ཐུར་ཀི་སི་ཏན་སོགས་ནང་གི་གནས་སྟངས་ལ་དོ་ཁུར་དང་རྒྱ་ནག་ལ་སྐྱོན་བརྗོད་བྱེད་མཁན་ཡང་མང་པོ་ཐོན་ཡོད།།