བློ་བཟང་སྐལ་བཟང་བཙོན་གྲོལ་བཏང་འདུག
2017.07.30
༄༅༎སྤྱི་ལོ་༢༠༡༧ ཟླ་༧ཚེས་༢༩རྔ་པ་ཀིརྟི་དགོན་པའི གྲྭ་བློ་བཟང་སྐལ་བཟང་ལགས་རྔ་བ་ཏིག་ཡང་བཙོན་ཁང་ནས་གློད་གྲོལ་བཏང་འདུག ཕྱི་ལོ་༢༠༡༡ ཕྱི་ཟླ་ ༩ ཚེས་ ༢༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ ཡས་མས་སུ་རྔ་པ་ཀིརྟི་དགོན་པའི་རང་ལོ་ ༡༨ ཡིན་པའི་གྲྭ་བློ་བཟང་སྐལ་བཟང་ལགས་དང་། རང་ལོ་ ༡༨ ཡིན་པའི་གྲྭ་བློ་བཟང་དཀོན་མཆོག་གཉིས་ཀྱིས་རྔ་པ་རྫོང་གི་ཁྲོམ་གཞུང་དུ་ “༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་ཆོས་དད་རང་དབང་དགོས།” ཞེས་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་སྐད་འབོད་བྱས་ཡོད་ཅིང་། ཅང་མ་འགོར་བར་ཉེན་རྟོག་པ་དང་དྲག་ཆས་དམག་མི་མང་པོ་ཡོང་སྟེ་ དགེ་འདུན་པ་བློ་བཟང་སྐལ་བཟང་ལགས་རྒྱ་གཞུང་གིས་བཙན་འཁྲིད་རྗེས་ད་ལྟ་བར་གར་སོང་ཆ་མེད་དུ་གྱུར་ནས་གནས་ཚུལ་ཡང་གང་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་པ་རེད། འོན་ཀྱང་ཁ་ས་ཕྱི་ཚེས་ཚེས་༢༩ ཉིན་གྲྭ་བློ་བཟང་སྐལ་བཟང་ལགས་རྔ་བ་ཏིག་ཡང་བཙོན་ཁང་ནས་་གློད་གྲོལ་བཏང་བའི་གནས་ཚུལ་ཁ་གསལ་ཐོན་འདུག ཡིན་ནའང་ད་ལྟའི་ཆར་ཁོང་གི་གནས་ཚུལ་ཁ་གསལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།ཁོང་ནི་རྔ་པ་རྫོང་རྨེའུ་རུ་མ་རུ་ཆེན་གཉིས་པའི་ཇ་རུ་ཚང་གི་ཚེ་རིང་བཀྲ་ཤིས་ཀྱི་བུ་དང་། ༢༠༡༡ལོའི་ཟླ་༣ཚེས་༡༦ཉིན་རང་ལུས་མེར་སྲེག་གཏང་མཁན་མཚན་གཞུང་གཉིས་པ་གྲྭ་ཕུན་ཚོགས་ལགས་ཀྱི་ཚ་བོ་ཡིན་པ་རེད། རྒྱ་ནག་གཞུང་གིས་ད་ལྟའི་བར་དུ་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་གསུམ་དངོས་སུ་གློད་གྲོལ་བཏང་ཡོད་པ་རེད།།
གསར་འགོད་པ་ཚེ་དབང་དངོས་གྲུབ།