གཟེངས་ཐོན་གྱི་བྱ་དགའ་ཐོབ་མྱོང་མཁན་སྦར་མའི་གསར་འགོད་པ་ཤིན་དྷ་ཝེ་བཙོན་ནས་གློད་འདུག

མཁའ་ཕུར་བརྙན་ཆས་ཉོས་པའི་ཉེས་མིང་འོག་ཚེ་བཙོན་གྱི་ཉེ་ཆད་ཕོག་པ་ཤིན་དྷ་ཝེ་ཡིས་བཙོན་ཁང་ནང་ལུས་པའི་མི་གཞན་གྱི་ཆེད་མི་མང་ཚོས་སྨོན་ལམ་བསྐྱོན་རོགས་ཞེས་འབོད་སྐུལ་བྱས་འདུག

གཟེངས་ཐོན་གྱི་བྱ་དགའ་ཐོབ་མྱོང་མཁན་སྦར་མའི་གསར་འགོད་པ་ཤིན་དྷ་ཝེ་བཙོན་ནས་གློད་བཀྲོལ་ཐོབ་འདུག

མྱན་མར་ (སྦར་མ་) གྱི་དམག་དོན་དབང་འཛིན་པ་ཧུན་ཏ་ (Junta) ཡིས་གསར་འགོད་ལས་རིགས་ཀྱི་བྱ་དགའ་ཐོབ་མྱོང་མཁན་དངོས་བྱུང་གློག་བརྙན་བཟོ་མཁན་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསར་འགྱུར་གྱི་ཞབས་ཞུ་བ་ཤིན་དྷ་ཝེ་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༡༧ ཉིན་བཙོན་བཀྲོལ་ཐོབ་ཡོད་པ་དང་།ཁོང་གིས་མཁའ་ཕུར་བརྙན་ཆས་ཉོས་པའི་ཉེས་མིང་འོག་ཕྱི་ལོ་ ༢༠༢༣ ཟླ་ ༡༠ པའི་ནང་འཛིན་བཟུང་དོ་དམ་བྱས་ཏེ་ད་བར་བཀག་བསྐྱིལ་བྱས་ཡོད་པ་རེད།

ཤིན་དྷ་ཝེ་ལ་སྦར་མའི་དྲག་པོའི་དབང་འཛིན་པས་འཇིགས་སྐུལ་རིང་ལུགས་ལ་ཞོགས་འདེགས་བྱེད་པའི་ཉེས་མིང་བཙུགས་ཏེ་ཕྱི་ལོ་ ༢༠༢༤ ལོར་ཚེ་བཙོན་གྱི་ཉེས་ཆད་བཀལ་ཡོད་པ་དང་།ཕྱི་ལོ་ ༢༠༢༥ ཟླ་ ༡ ནང་བཙོན་པར་ཉེས་ཡངས་གཏོང་སྲོལ་ཡོད་པའི་ལམ་ལུགས་འོག་ཧུན་ཏ་དྲག་དམག་དབང་འཛིན་པས་ཁོང་མོར་ཚེ་བཙོན་ནས་ལོ་ ༡༥ ལ་ཉེས་ཆད་གུ་ཡངས་གཏོང་རྒྱུའི་ཐག་གཅོད་བྱས་ཡོད།

དཀའ་སྡུག་མྱོང་བཞིན་པ་གཞན་གྱི་ཆེད་སྨོན་ལམ་བསྐྱོན་དགོས་པའི་འབོད་སྐུལ་གནང་འདུག
སྦར་མའི་གསར་འགོད་པ་ཤིན་དྷ་ཝེ་བཙོན་བཀྲོལ་ཐོབ་འདུག སྦར་མའི་གསར་འགོད་པ་ཤིན་དྷ་ཝེ་བཙོན་བཀྲོལ་ཐོབ་འདུག ༢༠༢༦།༤།༡༧ (RFA)

ཤིན་དྷ་ཝེ་རེས་གཟའ་པ་སངས་ཉིན་བཙོན་ནས་གློད་བཀྲོལ་ཐོབ་རྗེས་སྦར་མའི་ཡང་གྷུན་གྲོང་ཁྱེར་གྱི་ཨིན་སེན་ (Insein) བཙོན་ཁང་གི་ཕྱི་ཕྱོགས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། བཙོན་ཁང་ནང་ཐུགས་སྨོན་གནང་དགོས་པའི་མི་མང་པོ་ད་ལྟ་ཡང་ལུས་ཡོད་སྐོར་བརྗོད་འདུག དེ་ཡང་ཁོང་གིས་གསུངས་དོན་དུ།ང་རང་ད་ཆ་སྐྱིད་ཤོས་དེ་ཡིན། ང་དང་ང་འདྲ་བའི་མི་ཚང་མར་ཉིན་ལྟར་ནང་མི་འཁོར་བཅས་དང་ཐུགས་འདོད་ཀྱི་བློ་ཡོད་རེད། ང་ནི་བསོད་ནམས་ཅན་ཡིན་པས། བསོད་ནམས་མེད་པའི་དཀའ་ངལ་འོག་བློ་མཐུན་གྲོགས་པོ་མང་པོ་ཞིག་ད་ལྟ་ལུས་ཡོད། ཁོང་ཚོའི་ཆེད་དུ་ཐུགས་སྨོན་གནང་རོགས་ཞེས་མི་མང་ཚོར་འབོད་སྐུལ་བྱས་འདུག

ཕྱི་ལོ་ ༢༠༢༡ ལོར་དྲག་དམག་དབང་འཛིན་པས་སྲིད་གཞུང་བཟུང་བའི་རྗེས་སུ་སྦར་མའི་ཁོར་ཡུག་དང་སྤྱི་མང་གི་རྩོད་རྙོག་སྐོར་དངོས་བྱུང་ལོ་རྒྱུས་ཀྱི་བརྙན་འཕྲིན་ལས་རིམ་བཟོ་ཆེད་མཁའ་ཕུར་བརྙན་ཆས་མངགས་ཉོ་བྱས་ཏེ་འཕྲུལ་ཆས་ལེན་དུ་བསྐྱོད་པའི་སྐབས་ཤིག་སྟེ་ཕྱི་ལོ་ ༢༠༢༣ ཟླ་ ༡༠ པའི་ནང་ཤིན་དྷ་ཝེ་དྲག་དམག་སྲིད་གཞུང་གིས་འཛིན་བཟུང་བྱས་ཏེ་ཕྱི་ལོ་ ༢༠༢༤ ཟླ་ ༡ པོའི་ནང་དམག་མིའི་ཁྲིམས་ཁང་གིས་འཇིཊ་སྐུལ་རིང་ལུཊ་པར་ཁ་གཏད་ཀྱི་ཁྲིམས་ཡིག་ནང་གསེས་ ༥༠(j) འབྲུ་དོན་ཉེས་ཆད་ལྕི་ཤོས་ཏེ་ཚེ་བཙོན་གྱི་ཁྲིམས་ཆད་བཀལ་ཡོད་པ་རེད།

གཟུ་གནས་ཉམས་ཞིབ་པ་ཚོས་སྐབས་དེ་དུས་ཁོང་མོར་དུས་ཡུན་རིང་པོའི་ཉེས་ཆད་བཀལ་བ་འདི་ནི་གཙོ་བོ་ཧུན་ཏ་ (Junta) དྲག་དམག་དབང་འཛིན་པའི་གཞུང་འཛིན་ལ་འགོག་རྒོལ་མི་ཡོང་བའི་ཆེད་དུ་དམིགས་པ་ཡིན་ལུགས་བརྗོད་ཡོད་པ་རེད།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་འབྲེལ་བ།

ཤིན་དྷ་ཝེ་ཡིས་གསུངས་པར། ཁོང་རང་ཉིད་ཀྱི་ནང་དུ་བདེ་པོ་དང་སྐྱིད་པོའི་ངང་ཕྱིར་ལོག་བྱུང་ཡོད་པ་དང་། དགོས་མཁོ་ཆེ་བའི་དུས་སུ་རོགས་འདེགས་གནང་མཁན་ཚོར་བཀའ་དྲིན་དྲན་བཞིན་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་ཡོད། ཁོང་མོས་ཕྱི་ལོ་ ༢༠༡༠ ནས་བཟུང་ ༢༠༢༣ ཟླ་ ༡༠ པའི་ནང་འཛིན་བཟུང་མ་བྱས་ཀྱི་བར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྦར་མའི་སྡེ་ཚན་ལ་གནས་ཚུལ་མཁོ་སྤྲོད་ཀྱི་ཞབས་ཞུ་གནང་ཡོད་པ་རེད།

༢༠༢༤ ལོར་ཚེ་བཙོན་ཁྲིམས་ཆད་བཀལ་ཡང་ ༢༠༢༥ ཟླ་ ༡ པོར་ལོ་ ༡༥ ཉེས་ཡངས་བཏང་།
༢༠༢༣ ཟླ་ ༡༠ པའི་ནང་འཛིན་བཟུང་དོ་དམ་བྱས་ཏེ་ད་བར་བཀག་བསྐྱིལ་བྱས། ༢༠༢༤ ལོར་ཚེ་བཙོན་ཁྲིམས་ཆད་བཀལ་ཡང་ ༢༠༢༥ ཟླ་ ༡ པོར་ལོ་ ༡༥ ཉེས་ཡངས་བཏང་། (མི་སེར་གྱི་པར།)

ཁོང་གློད་བཀྲོལ་ཐོབ་པའི་གནས་ཚུལ་ཐོན་པར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གཙོ་འཛིན་སྦེ་ཧྥང་ལགས་ཀྱིས་དགའ་བསུ་ཞུས་འདུགདེ་ཡང་སྦེ་ཧྥང་ལགས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་ཁོང་གིས། “ཤིན་དྷ་ཝེ་དོ་དམ་འོག་ནས་གློད་བཀྲོལ་བྱུང་བའི་གནས་ཚུལ་འདི་ངལ་སེལ་དགའ་སྣང་གི་རང་བཞིན་གཅིག་ཡིན། ཁོང་གིས་མྱན་མར་གྱི་མི་མང་ཚོར་བཀག་འདོམས་མེད་པར་གནས་ཚུལ་མཁོ་སྤྲོད་བྱེད་པའི་ལས་དོན་བསྒྲུབས་པའི་རྐྱེན་གྱིས་དྲང་བདེན་མིན་པའི་དཀའ་སྡུག་ཚད་མེད་མྱངས་ཡོད། ད་ཆ་ཁོང་གློད་བཀྲོལ་གྱི་གནས་ཚུལ་འབྲེལ་བའི་འཕེལ་རིམ་འདི་ནི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ (RSF) དང་ (PEN) ཞེས་ཨ་རིའི་སྨྱུ་གུའི་ཚོགས་པ་བཅས་ཐེ་བའི་ཚོཊ་སྒེར་མང་པོས་འབད་བརྩོན་བྱས་པའི་དཔང་འཕེར་གྱི་གྲུབ་འབྲས་ཡིན། ཤིན་དྷ་ཝེ་ཁོང་རང་ཁྱིམ་དུ་ཕྱིར་ལོག་གིས་ཁོང་མོའི་ནང་མི་དང་ཉེ་འབྲེལ་ཚོ་དང་མཉམ་འདུས་ཐུབ་ཡོད་པ་ཤེས་རྟོགས་བྱུར་པར་ངོས་རང་དགའ་ཚོར་བྱུང་ཞེས་གསུངས་ཡོད་པ་རེད།ཤིན་དྷ་ཝེ་ལ་ཕྱི་ལོ་ ༢༠༢༤ ལོར་ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཆེད་ ༢༠༢༣ ལོར་བཟོས་པའི་བརྙན་འཕྲིན་གནས་ཚུལ་ཞིག་ལ་གྷེརེ་སི་བྱ་དགའ་དང་།དེ་བཞིན་རྒྱལ་སྤྱིའི་བེུད་ཀྱི་བརྒྱུད་ལམ་ཐེབས་རྩའི་བེུད་ཀྱི་གསར་འགོད་པའི་བྱ་དགའ་ཐོབ་མྱོང་ཡོད་པ་རེད།།

པར་རིས་སྒྲིག་བཟོ་བ།ནོར་སྡེ་སྒྲོལ་མ།