གྲོས་ཚོགས་འོག་མའི་འཐུས་མི་ཁིརིསི་སིམིཐ་ (Chris Smith) དང་ཊོམ་སུའོ་ཛི་(Tom Suozzi) གཉིས་ཀྱིས་ཕྱི་ཟླ་ ༦ ཚེས་ ༢ ཉིན་གྲོས་ཚོགས་ནང་རྒྱ་ནག་གིས་བོད་ནང་བཙན་གནོན་ཇེ་ཤུགས་ཆེ་རུ་གཏོང་བཞིན་པར་ངོས་འཛིན་གྱིས་ཁྲིམས་འཆར་Tibet Atrocities Determination Act ཞེས་པ་དེ་ངོ་སྤྲོད་ནང་སྟེ་ད་ལྟ་བོད་དོན་ཁྲིམས་འཆར་གསར་པ་དེ་གྲོས་ཚོགས་གོང་འོག་གཉིས་སུ་མདུན་སྐྱོད་གནང་འདུག། རྩ་བའི་ཁྲིམས་འཆར་དེ་ཐོག་མ་འདི་ལོ་ཕྱི་ཟླ་ ༤ ནང་གྲོས་ཚོགས་གོང་མའི་འཐུས་མི་རིཀི་སིཀོཊི་ (Rick Scott) དང་འཇེཧྥ་མརྐ་ལི་ (Jeff Merkley) གཉིས་ཀྱིས་བཏོན་གནང་ཡོད།
ཁྲིམས་འཆར་དེ་ཁྲིམས་སུ་གཏན་འབེབས་གནང་ཚེ་ཁྲིམས་ཡིག་དེའི་འབྲུ་དོན་བཞིན་ཨ་རིའི་ཕྱི་སྲིད་དྲུང་ཆེས་བོད་ཀྱི་རིག་གནས་དང་། ཆོས་ལུགས། སྐད་ཡིག་བཅས་ཀྱི་ཆེད་ལས་པ་དང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག བོད་དོན་ལས་འགུལ་ཚོགས་པ། དེ་བཞིན་བཙན་བྱོལ་ནང་གི་བོད་མི་ཚོར་གྲོས་བསྡུར་གནང་སྟེ་འབྱུང་འགྱུར་ལོ་གཅིག་གི་ནང་ཚུད་རྒྱ་ནག་གིས་བོད་ནང་བཙན་གནོན་གྱི་བྱ་སྤྱོད་དེ་དག་མི་རིགས་སྡེབ་གསོད་ཀྱིས་རྩ་མེད་གཏོང་ཐབས་དང་ཡང་ན་འགྲོ་བ་མིར་གཉའ་གནོན་གྱིས་ཁྲིམས་ཐོག་ནག་ཉེས་གསོག་པའི་མཚན་ཉིད་ཚང་གི་ཡོད་མེད་ཐད་ངོས་འཛིན་ཇི་ལྟར་གནང་དགོས་ཀྱི་ཡོད་མེད་སྐོར་རྒྱབ་གཉེར་གནང་དགོས་ཀྱི་ཡོད་པ་དང་། རྒྱ་ནག་གི་དཔོན་རིགས་ལ་ཉེས་ཆད་གཅོད་རྒྱུ་དང་། ཐོངས་མཆན་བཀག་འགོག ཕྱི་འབྲེལ་གྱི་གདོང་ལེན་གནང་ཕྱོགས་ཚུད་པའི་ཨ་རིའི་སྲིད་བྱུས་ཀྱི་ཐོག་ནས་ཡ་ལན་ཇི་ལྟར་དགོས་མིན་ཐད་དགོས་འདུན་འཁོད་ཡོད་པ་རེད།
ཁྲིམས་འཆར་དེ་གྲོས་ཚོགས་གོང་འོག་གཉིས་སུ་མདུན་བསྐྱོད་གནང་ཡོད་ཀྱང་ད་ལྟ་ཨ་རིའི་ཁྲིམས་ལུགས་བརྒྱུད་རིམ་གྱི་བྱ་གཞག་གི་འགོ་འཛུགས་ཀྱི་ལས་དོན་ཆགས་ཡོད་ཅིང་། རིམ་པའི་གྲོས་ཚོགས་ཀྱི་འབྲེལ་ཡོད་ཚོགས་ཆུང་ནས་བསྐྱར་ཞིབ་གནང་དགོས་ཀྱི་ཡོད་པ་དང་འོས་ཤོག་འཕེན་རྒྱུ་སོགས་གནང་རྗེས་གལ་ཏེ་ཁྲིམས་འཆར་དེ་གཏན་འབེབས་ཀྱིས་མཐར་ཨ་རིའི་སྲིད་འཛིན་གྱིས་མཚན་རྟགས་བཀོད་ཉིན་ནས་རྒྱལ་ཁབ་ཀྱི་ཁྲིམས་སུ་གྱུར་ན་གཏན་འབེབས་ཁྲིམས་ཡིག་དེའི་བརྒྱུད་བོད་ནང་རྒྱ་ནག་གིས་བཙན་གནོན་ལ་ཨ་རིའི་སྲིད་གཞུང་གིས་ངེས་པར་དུ་ཞིབ་འཇུག་མཐིལ་ཕྱིན་པ་གནང་དགོས་ཀྱི་ཡོད་པ་རེད།
མ་ཟད་ཕྱི་ལོ་ ༢༠༠༢ བོད་དོན་སྲིད་ཇུས་ཁྲིམས་ཡིག་དང་ཕྱི་ལོ་ ༢༠༢༠ བོད་ཀྱི་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག། དེ་བཞིན་ཕྱི་ལོ་ ༢༠༢༤ བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་བཅས་གལ་ཆེའི་ཁྲིམས་ཡིག་ཁག་གི་རྗེས་ཨ་རིའི་བོད་དོན་ཐོག་གི་ཁྲིམས་ཡིག་གི་འཆར་སྒྲིག་གལ་ཆེན་ཞིག་ཆག་གི་ཡོད་པ་རེད།།
