ཁེ་ཎ་ཌའི་གྲོས་ཚོགས་སུ་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུས་པ།

ཁེ་ཎ་ཌའི་གྲོས་ཚོགས་ནང་བྱམས་བརྩེའི་ལོ་དང་བསྟུན་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུས་འདུག

ཕྱི་ཟླ་ ༦ ཚེས་ ༢ ཉིན་ཁེ་ཎ་ཌའི་བོད་རིགས་ཚོགས་པའི་ཚོགས་མི་དང་། གྲོས་ཚོགས་འཐུས་མི། བོད་དོན་རྒྱབ་སྐྱོར་བ་བཅས་ཀྱིས་གྲོས་ཚོགས་སུ་ ༢༠༢༦ ལོའི་གྲོས་ཚོགས་ཀྱི་བོད་ཀྱི་ཉིན་མོ་ཞེས་པའི་ལོ་འཁོར་དུས་སྟོན་ཐོག་མཉམ་ཞུགས་གནང་ཡོད་ཅིང་། ལས་འགུལ་འདིའི་དམིགས་ཡུལ་ནི་བོད་དོན་ཐོག་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུ་དང་། བོད་ཀྱི་ཆོས་དང་རིག་གཞུང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་རྒྱབ་སྐྱོར་ཡོང་བ་ནན་བརྗོད་ཞུ་རྒྱུ་དེ་ཆགས་ཡོད་འདུག

ཁེ་ཎ་ཌའི་བོད་དོན་ཚོགས་པའི་འགན་འཛིན་ཤེས་རབ་ཐར་ཕྱིན་ལགས་ཀྱིས། ཁེ་ཎ་ཌའི་གྲོས་ཚོགས་སུ་བོད་ཀྱི་ཉིན་མོ་ཞེས་པ་འདི་ནི་ཁེ་ཎ་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ནས་ལོ་ལྟར་སྲུང་བརྩི་གནང་བཞིན་ཡོད་པ་དང་། འདི་ལོ་མཚོན་ན། གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཇེམསོ་མེ་ལོའོ་ཎི་ཡིས་དབུ་ཁྲིད་དེ་སྲིད་དོན་ཚོགས་པ་མི་འདྲ་བའི་གྲོས་ཚོགས་ཀྱི་འཐུས་མི་མང་པོ་མཉམ་ཞུགས་གནང་ཐུབ་པ་བྱུང་སོང་། གྲོས་ཚོགས་སུ་དངོས་སྦྱོང་གནང་མཁན་བོད་པའི་རུ་ཁག་གིས་ཕྱག་ལས་གཙོ་འགན་བཞེས་ཡོད་ལ། བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་། དེ་མིན་བོད་པའི་ཚོགས་པ་ཁག་གི་སྐུ་ཚབ་ཀྱང་མཉམ་ཞུགས་གནང་ཡོད་ཅེས་གསུངས་བྱུང་།

ཁེ་ཎ་ཌའི་གྲོས་ཚོགས་ནང་བྱམས་བརྩེའི་ལོ་དང་བསྟུན་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུས་འདུག
ཁེ་ཎ་ཌའི་གྲོས་ཚོགས་སུ་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུས་པ། ཁེ་ཎ་ཌའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཇེམསོ་མེ་ལོའོ་ཎི་ལགས་ཀྱིས་གསུང་བཤད་གནང་བཞིན་པ། (ཨོ་ཊ་ཝ་བོད་རིགས་ཚོགས་པ།)

ཡང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཁེ་ཎ་ཌའི་གྲོས་ཚོགས་འཐུས་མི་དང་འབྲེལ་ཡོད་དཔོན་རིགས་རྣམ་པར་བོད་པར་རྒྱབ་སྐྱོབ་གནང་བ་འདི་བདེན་པོར་རྒྱབ་སྐྱོར་གནང་བ་ཞིག་དང་། འཛམ་གླིང་ལ་ཞི་བདེ་དང་བཟང་སྤྱོད། འགྲོ་བ་མིའི་ཐོབ་ཐང་དགོས་ཡོད་ན། བོད་པ་དང་བོད་མིའི་སྒྲིག་འཛུགས་མཉམ་དུ་མཉམ་འབྲེལ་ཐོག་ཕྱག་ལས་གནང་རྒྱུ་མང་པོ་ཡོད་དུས་དེ་ཡང་ཁེ་ཎ་ཌའི་ཁེ་ཕན་དང་ཡང་འབྲེལ་བ་ཆགས་ཀྱི་ཡོད་པ་སོགས་ཞུས་པའི་ཐོག་ནས་ད་ལྟ་བར་ཁེ་ཎ་ཌའི་མི་མང་དང་གཞུང་གིས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན་ཞེས་གསུངས་བྱུང་།

ཤེས་རྟོགས་བྱུང་བར། འདི་ལོའི་ལྷན་འཛོམས་འདི་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ཕེབས་པའི་གོ་སྟོན་འཁེལ་ཡོད་པ་དང་། བཙན་བྱོལ་ནང་གི་བོད་མི་ཚོས་ལོ་འཁོར་མོའི་རིང་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་བཞིན་ཡོད་པ་རེད།

བོད་ཀྱི་ཉིན་མོའི་མཛད་སྒོ་འདི་གོ་སྒྲིག་གནང་མཁན་གྱིས། བོད་ཀྱི་གནད་དོན་མང་ཚོགས་ཁྲོད་མུ་མཐུད་གླེང་སློང་བྱ་རྒྱུ་དང་། རང་དབང་། དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་། རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་བཅས་ཀྱི་རིན་ཐང་ནན་བརྗོད་གནང་སྟེ། བོད་ཀྱི་གནད་དོན་གྱིས་རང་དབང་དང་ལ་རྒྱའི་ཐོབ་ཐང་ལ་མུ་མཐུད་དོ་སྣང་དང་རྒྱབ་སྐྱོར་དགོས་པ་དྲན་སྐུལ་ཡོང་གི་ཡོད་གསུངས་འདུག།

ཁེ་ཎ་ཌའི་གྲོས་ཚོགས་ནང་བྱམས་བརྩེའི་ལོ་དང་བསྟུན་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུས་འདུག
ཁེ་ཎ་ཌའི་གྲོས་ཚོགས་ནང་བྱམས་བརྩེའི་ལོ་དང་བསྟུན་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུས་འདུག བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་གསུང་བཤད་གནང་བཞིན་པ། (ཨོ་ཊ་བ་བོད་རིགས་ཚོགས་པ།)

ད་རེས་ཁེ་ཎ་ཌའི་གྲོས་ཚོགས་སུ་བོད་ཀྱི་ཉིན་མོར་སྲུང་བརྩི་ཞུས་པའི་མཛད་སྒོའི་ཐོག་ཨོ་ཊ་ཝ་བོད་རིགས་ཚོགས་པ་ཡང་མཉམ་ཞུགས་གནང་ཡོད་ལ། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་མཛད་སྒོའི་ཐོག་གསུང་བཤད་གནང་ཡོད་པ་དང་། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་པར། ཁེ་ཎ་ཌའི་གྲོས་ཚོགས་འཐུས་མི་རྣམ་པར་སྲིད་སྐྱོང་གི་དམ་འབུལ་གནང་བ་དང་སྤྱི་འཐུས་གྲོས་ཚོགས་ནས་བཀའ་བློན་རྣམ་པ་འདེམས་ཐོན་བྱུང་པ་སོགས་ངོ་སྤྲོད་ཞུས་ཡོད་ལ། ང་ཚོ་བོད་པས་ལག་བསྟན་བྱེད་བཞིན་པའི་དམངས་གཙོ་འདི་ནི་ཁ་ཞེ་གཉིས་མེད་ཡིན་པ་ལས་ཕྱི་ལ་འདྲ་ཆགས་པོ་སྟོན་ཆེད་མིན་པ། འཐབ་རྩོད་དང་འབྲེལ་བ་ཆགས་ཀྱི་ཡོད་པ། ༧གོང་ས་མཆོག་གི་རྟག་ཏུ་བཀའ་གནང་བ་བཞིན་བོད་རྒྱའི་བཀའ་རྙོག་སེལ་བའི་ཉིན་མོ་ནས་བོད་ནང་གི་འཛིན་སྐྱོང་བོད་ནང་ཡོད་པའི་གཞིས་ལུས་མི་མང་ཚོས་མ་འོངས་པར་ཆབ་སྲིད་ཀྱི་འཛིན་སྐྱོང་འདི་བོད་ནང་གི་བོད་མི་ཚོས་ཐག་གཅོད་ཀྱི་རེད། ང་ཚོ་བཙན་བྱོལ་ལ་ཡོད་པ་ཚོའི་ཕྱག་རྟགས་ཡག་ཤོས་འདི་དམངས་གཙོ་ཡིན་པ་སོགས་ངོ་སྤྲོད་གནང་པ་འགྲེལ་བརྗོད་གནང་བྱུང་ལ། ད་དུང་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་དོན་ཐོག་མུ་མཐུད་ནས་དོ་ཁུར་གནང་རྒྱུའི་འབོད་སྐུལ་ཡང་གནང་ཡོད་འདུག

ཁེ་ཎ་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཀྱང་མཉམ་ཞུགས་ཐོག་བོད་ཀྱི་རིག་གཞུང་། སྐད་ཡིག ཆོས་ལུགས་ཀྱི་རྒྱུན་འཛིན་དང་བཅས་མི་ཉམས་སྲུང་སྐྱོབ་བྱ་རྒྱུའི་ཐད་བློ་འཚབ་ཡོད་པ་གསུངས་ཤིང་། ཞི་བའི་གྲོས་མོལ་དང་རྒྱལ་སྤྱིའི་ཐོག་གོ་རྟོགས་སྤེལ་རྒྱུའི་གནད་འགག་རང་བཞིན་ནན་བརྗོད་གནང་འདུག

ཁེ་ཎ་ཌའི་གྲོས་ཚོགས་ནང་བྱམས་བརྩེའི་ལོ་དང་བསྟུན་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུས་འདུག
ཁེ་ཎ་ཌའི་གྲོས་ཚོགས་སུ་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུས་པ། ཁེ་ཎ་ཌའི་གྲོས་ཚོགས་སུ་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུས་པ། (James Maloney)

ཁེ་ཎ་ཌའི་གྲོས་ཚོགས་སུ་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུ་རྒྱུ་འདི་གྲོས་ཚོགས་སུ་འཆར་ཅན་གྱི་ལས་རིམ་ཞིག་ཏུ་གྱུར་ཡོད་པ་དང་། འདིས་ཁེ་ཎ་ཌའི་གྲོས་ཚོགས་འཐུས་མི་དང་ཁེ་ཎ་ཌ་བོད་པའི་སྤྱི་ཚོགས་བར་འབྲེལ་བའི་སྡིངས་ཆ་གལ་ཆེན་དང་དམིགས་བསལ་གྱི་ནུས་པ་ཐོན་བཞིན་ཡོད་པ་དང་། གོ་སྒྲིག་གནང་མཁན་ཚོས་ལས་འགུལ་འདི་བརྒྱུད་ནས། མང་ཚོགས་ཀྱིས་བོད་དོན་ཐོག་རྒྱུས་མངའ་གཏིང་ཟབ་ཏུ་ཡོང་རྒྱུ་མ་ཟད། རང་དབང་། དམངས་གཙོ། དྲང་བདེན་བཅས་ཀྱི་སྤྱི་ཡོངས་ཀྱི་རིན་ཐང་ལ་རྒྱབ་སྐྱོར་ཡོང་རྒྱུའི་རེ་བ་གནང་བཞིན་ཡོད་འདུག།

ཁ་སྣོན་གསར་འགོད། བཀྲ་དབང་།