ཕྱི་ཟླ་ ༦ ཚེས་ ༡༣ ཉིན་བོད་དང་ཐའེ་ཝན་དང་། ཧོང་ཀོང་། ཤིན་ཅང་ངམ་ཤར་ཏུར་ཀི་སི་ཏན་བཅས་ཀྱི་ལས་འགུལ་བ་རྣམས་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་འདུ་འཛོམས་ཐོག་རྒྱ་ནག་གཞུང་གིས་མི་རིགས་དང་ངོ་བོར་ངོས་འཛིན་གྱི་སྲིད་བྱུས་ཐོག་རྒྱུན་ཆད་མེད་པར་ཤུགས་གནོན་རྒྱབ་བཞིན་པའི་གནས་སྟང་ལ་མཉམ་རུབ་ཐོག་ནས་གདོང་ལེན་ཇི་ལྟར་བྱེད་དགོས་མིན་ཐད་བགྲོ་གླེང་ཞིག་གནང་འདུག
ད་རེས་ཀྱི་བགྲོ་གླེང་འདི་བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གིས་གཙོ་གཉེར་གནང་པའི་ཐོག་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གིས་མཐུན་འགྱུར་གནང་པ་ཞིག་ཡིན་པ་དང་། གོ་སྒྲིག་གནང་མཁན་ཚན་པས་བརྗོད་པར་རྒྱ་ནག་གིས་གཏན་འབེབས་བྱས་པའི་ “མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་" ཟེར་བ་འདི་ཕྱི་ཟླ་ ༧ པའི་ནང་དངོས་སུ་ལག་བསྟར་བྱེད་ཀྱི་ཡོད་པས། དེས་རྒྱ་ནག་གི་དབང་བསྒྱུར་འོག་ཚུད་པའི་མི་རིགས་ཁག་དང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་གིས་མི་རིགས་སོ་སོའི་རིག་གཞུང་དང་། སྐད་ཡིག ཆོས་ལུགས་བཅས་ཀྱི་གནས་སྟངས་ལ་སེམས་འཚབ་སྐྱེ་གཞི་ཞིག་ཆགས་ཡོད་པ་བརྗོད་འདུག
བོད་མི་མང་སྤྱི་འཐུས་མགོན་པོ་དོན་གྲུབ་ལགས་ཀྱིས། ད་རེས་བགྲོ་གླེང་ཚོགས་འདུའི་ཐོག་བོད་ནང་གི་དངོས་ཡོད་གནས་སྟངས་ཐོག་ལ་ཛ་དྲག་ཡིན་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་བཙུགས་པའི་བཅའ་སྡོད་སློབ་གྲྭ་དང་འབྲེལ་བའི་བརྗོད་གཞིའི་ཐོག་གཏམ་བཤད་བྱས་པ་ཡིན། ཡང་བརྗོད་གཞི་གཞན་ཞིག་ནི་སྤྱི་ནོར་༧གོང་ས་༧སྐབས་མགོན་ཆེན་པོ་མཆོག་གི་༧སྐུ་ཡི་ཡང་སྲིད་དང་འབྲེལ་བའི་སྐོར་ཡིན་དུས། གནད་དོན་འདི་གསལ་པོ་ཡིན་པ་དང་། ༧རྒྱལ་བ་རིན་པོ་ཆེའི་༧སྐུ་ཡི་ཡང་སྲིད་ཀྱི་གནད་དོན་ཐོག་ལ་རྒྱ་ནག་ལ་ཐེ་ཇུས་བྱེད་པའི་འབྲེལ་བ་སྤུ་ཙམ་ཡང་མེད་པ་ཅིག་ད་རེས་འདིར་གསལ་སྟོན་བྱས་པ་ཡིན་ཞེས་དང། དེ་བཞིན་བགྲོ་གླེང་ཚོགས་འདུ་གྲུབ་པའི་རྗེས་ལ་མཐུན་ཕྱོགས་རྒྱལ་ཁབ་ཀྱིས་ཐུན་མོང་གི་གོ་བསྡུར་བྱས་པའི་ཐོག་ནས་མ་འོངས་པར་ལས་འགུལ་མཉམ་རུབ་བྱ་རྒྱུ་སོགས་ཀྱི་ཐོག་གྲོས་བསྡུར་ལྷུག་པོ་བྱུང་སོང་ཞེས་གསུངས་བྱུང་།

རྒྱ་ནག་གཞུང་གིས་འགྲེལ་བརྗོད་ལྟར་ན། 《མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་》ཟེར་བ་འདིའི་དམིགས་ཡུལ་ནི་ རྒྱ་ནག་གི་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དང་། མི་རིགས་ཁག་དབར་གྱི་འབྲེལ་བ་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན་བརྗོད་ཀྱི་ཡོད།
ཡིན་ན་ཡང་བོད་དང་། ཤིན་ཅང་ངམ་ཤར་ཏུར་ཀི་སི་ཏན། ཧོང་ཀོང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་མང་པོ་ཞིག་གིས་ ཁྲིམས་ཡིག་འདིས་མི་རིགས་རྒྱ་སྒྱུར་གྱི་སྲིད་ཇུས་ལ་སྔར་ལས་ལྷག་པའི་སྒོ་ནས་ཤུགས་ཆེ་རུ་བཏང་སྟེ། གྲངས་ཉུང་མི་རིགས་ཁག་གི་རིག་གཞུང་དང་། ཆོས་ལུགས། སྐད་ཡིག་བཅས་ཀྱི་རྒྱུན་འཛིན་གྱི་ཐད་གནོད་ཚེས་ཚབས་ཆེན་བཟོ་ངེས་ཡིན་པར་ངོས་འཛིན་གནང་འདུག
ད་རེས་ཀྱི་བགྲོ་གླེང་འདི་ནི་མི་འདྲ་བའི་འཐབ་རྩོད། ཐུན་མོང་གི་རང་དབང་ཞེས་པའི་བརྗོད་གཞིའི་འོག མཉམ་ཞུགས་མི་སྣ་ཚོས་རང་རང་སོ་སོའི་ཆབ་སྲིད་ཀྱི་དངོས་ཡོད་གནས་སྟངས་མི་འདྲ་བའི་འོག་ནས། མཉམ་ལས་ཀྱི་ཁོར་ཡུག་ཅིག་འཚོལ་རྒྱུའི་རེ་བ་གནང་བཞིན་ཡོད་འདུག
ཡང་ཧོང་ཀོང་གི་སྒྱུར་རྩལ་པ་དང་ལས་འགུལ་བ་ལོ་རཱ་ཊ་ལིའུ་ནས། ང་ཚོར་ཡང་ཧོང་ཀོང་གི་དུས་ཆེན་དང་ཧོང་ཀོང་གི་ཉིན་མོ་ཟེར་བ་དེ་འདྲ་ཡོད་པས། ཧོང་ཀོང་ལ་དང་ཐོག་ནས་ཡོད་པའི་རིག་གཞུང་དང་ལོ་རྒྱུས་ཀྱི་འབྲེལ་ཡོད་གནས་ཚུལ་དེ་བས་མང་བ་སྒྱུ་རྩལ་གྱི་ལམ་ནས་མི་ཚོར་ཐབས་ལམ་མི་འདྲ་བ་ཞིག་གི་ཐོག་ནས་སློབ་སྦྱོང་སྤྲོད་ཀྱི་ཡོད་ཅེས་གསུངས་བྱུང་།

བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་དྲུང་ཆེ་བཀྲིས་ཚེ་རིང་ལགས་ཀྱིས། ད་རེས་ཚོགས་ཞུགས་མི་སྣ་ཚོས་རང་རང་སོ་སོའི་གནས་སྟངས་ངོ་སྤྲོད་གནང་པའི་ཐོག་ནས་བགྲོ་གླེང་ལྷུག་པོ་བྱུང་པ་དང་། མཐའ་མའི་ཐག་གཅོད་ནང་ཚོགས་འདུ་དེ་རིགས་ལོ་ལྟར་ཚོགས་དགོས་རྒྱུ་འདི་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་པ་དང་། མ་འོངས་པར་ཚང་མས་མཉམ་རུབ་ཐོག་ནས་ཚོགས་འདུ་ཚོགས་རྒྱུ་དང་ལས་འགུལ་སྤེལ་རྒྱུ་སོགས་གལ་ཆེས་ངོས་འཛིན་གནང་སྟེ་མུ་མཐུད་ཚོགས་འདུ་དེ་རིགས་སྐོང་ཚོགས་གནང་རྒྱུའི་གཏན་འབེབས་བྱུང་སོང་ཞེས་གསུངས་བྱུང་།
ཐའེ་ཝན་ནས་བོད་དང་། ཧོང་ཀོང་ནས་ཤར་ཏུར་ཀི་སི་ཏན་བར་གྱི་ཚོགས་བཅར་བ་ཚོས། རང་རང་སོ་སོའི་གནས་བབས་མི་འདྲ་བ་ཡོད་ནའང་། ཚང་མས་གནད་དོན་གཅིག་རང་གླེང་བཞིན་ཡོད་པ་སྟེ། རང་ཉིད་ཀྱི་རིག་གཞུང་དང་། ངོ་བོ། རང་དབང་བཅས་ཀྱི་ཐོག་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་མིན་འདི་ཡིན་པ་ངོས་འཛིན་གནང་འདུག
བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།
