དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དམིགས་བསལ་བཅར་འདྲི་ཞུ་སྐབས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་དང་། ཨ་རིའི་བོད་དོན་ཁྲིམས་འཆར། བཀའ་ཤག་གི་ལས་དོན་འཆར་གཞི་དང་ཐབས་བྱུས་སོགས་ཀྱི་སྐོར་བཀའ་ལན་གནང་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ཟླ་ ༦ ཚེས་ ༡༦ ནས་ཉིན་གྲངས་ཁ་ཤས་རིང་གི་ཨ་རིའི་ནང་ལས་དོན་ཕྱོགས་ཕེབས་འདིའི་སྐབས་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་རི་ལེ་སྦརནསི་དང་ཕྱི་སྲིད་ལས་ཁུངས་ཀྱི་མི་སྣ། དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་སྔོན་རྩིས་ཚོགས་ཆུང་དང་གྲོས་ཚོགས་ཀྱི་འཐུས་མི། དེ་དག་གི་འབྲེལ་ཡོད་ལས་བྱེད་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་ཅིང་། ཨ་རི་དང་འཇར་མ་ནིར་སྐབས་ ༡༧ པའི་བཀའ་ཤག་གི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་གྲུབ་མཚམས་གཞུང་འབྲེལ་ཕྱོགས་ཕེབས་ཐོག་མར་འདི་མ་གནང་གོང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་གནང་ཡོད་ལ། སྲིད་སྐྱོང་མཆོག་གི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ད་རེས་ཞབས་པུས་གཡོན་མ་གཤགས་བཅོས་ལེགས་གྲུབ་བྱུང་སྟེ་སྐུ་ཁམས་ཧ་ཅང་ཡག་པོ་ཡོད་པ་བཀའ་གནང་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཕྱི་ཟླ་ ༦ ཚེས་ ༡༩ ཉིན་དམིགས་བསལ་བཅར་འདྲི་དྭང་ལེན་གནང་པའི་སྐབས་གསུངས་བྱུང་།
༧གོང་ས་མཆོག་གི་སྐུའི་འཕྲོད་བཞེས་ཧ་ཅང་ལེཊ་པོ་ཡོད་པ།
སྲིད་སྐྱོང་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༣ པའི་གོང་ཙམ་ནས་གཟའ་འཁོར་གཅིག་ནང་ཉིན་གསུམ་རིང་སྐུ་མགྲོན་དང་མི་མང་མཇལ་ཁ་ཞུ་མཁན་ ༣༥༠ ནས་ ༥༠༠ ལྷག་ཙམ་བར་མཇལ་ཁ་གནང་གི་ཡོད་ཅིང་། ཕྱི་ཟླ་ ༣ པ་ནས་གཟའ་འཁོར་གཅིག་ནང་ཉིན་དྲུག་རིང་མཇལ་ཁ་བཏང་གནང་གི་ཡོད་པས་སྐུ་གཟུགས་གནས་སྟངས་གང་འདྲ་ཡོད་པ་ཚང་མས་མཁྱེན་ཐུབ་རྒྱུ་ཞིག་ཡིན་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་ཀྱི་གནས་སྟངས་སྐོར་མཁྱེན་གསལ་ལྟར། ལོ་གཉིས་ཙམ་གྱི་གོང་ཨ་རིའི་ནང་ཞབས་པུས་གཡས་པ་གཤགས་བཅོས་གནང་པ་དང་། དྲག་སྐྱེད་དང་ཕན་ཐོགས་ཡག་པོ་བྱུང་པར་བརྟེན་༧ཞབས་པུས་གཡོན་མ་དེ་ཡང་གཤགས་བཅོས་གནང་རྒྱུའི་ཐུགས་ཐག་བཅད་གནང་སྟེ། ཕྱི་ཟླ་ ༦ ཚེས་ ༥ ཉིན་ལྡི་ལིར་ཆིབས་སྒྱུར་གནང་པ་དང་། ཚེས་ ༧ ཉིན་སྐུ་གཟུགས་བརྟག་དཔྱད་དང་སྐུ་ཁྲག་བརྟག་དཔྱད་གནང་ཡོད། ཕྱི་ཚེས་ ༨ ཉིན་རྒྱ་གར་ནང་གི་སྨན་ཁང་ཆེན་པོ་ཞིག་སྟེ་ཨ་པོ་ལོར་གཤགས་བཅོས་གནང་ནས་ཆུ་ཚོད་གཅིག་ལྷག་ཙམ་འགོར་ཏེ་ཞབས་པུས་གཡོན་མ་འདི་གཤགས་བཅོས་གནང་པ་དང་། ཕྱི་ཚེས་ ༡༠ ཉིན་སྟེ་ཞབས་པུས་གཤགས་བཅོས་ཞུས་ནས་ཉིན་གཉིས་ཀྱི་རྗེས་སུ་མཇལ་ཁ་ཞུས་པའི་སྐབས། སྐུ་གཟུགས་དཔེ་ཡག་པོ་འདུག་ལ། ཞལ་གདངས་བཅས་པ་ཧ་ཅང་ཡག་པོ་འདུག སྨན་ཁང་གི་ཐོག་ཁང་དུ་སྐུ་ངལ་གསོ་བཞུགས་མཛད་དེ་ཉིན་གཉིས་ཀྱི་རྗེས་སུ་སྨན་ཁང་ནས་ཕྱིར་ཕེབས་ཏེ་ལྡི་ལིར་ཞབས་པུས་གསོ་གནང་རྒྱུ་དང་སྐུ་ངལ་གསོ་བཞུགས་སླད་བཞུགས་གདན་འཇགས་ཡོད་ཅེས་དང་། ཕོ་བྲང་ནས་གསལ་བསྒྲགས་སྤེལ་བ་ལྟར་འགྱུར་བ་མ་ཕྱིན་ན་ཟླ་བ་འདིའི་ཟླ་མཇུག་ལ་ལ་དྭགས་སུ་ཆིབས་སྒྱུར་གནང་འཆར་ཡོད་པ་བཞིན་ཞབས་པུས་གསོ་ཕྱིར་དུས་རྒྱུན་ལས་དུས་ཡུན་ཕྲན་བུ་རིང་བ་ལ་དྭགས་སུ་སྐུ་ངལ་གསོ་བཞུགས་མཛད་རྒྱུའི་མཛད་རིམ་བང་སྒྲིག་ཡོད་པས། ད་ལོའི་༧སྐུའི་འཁྲུངས་སྐར་དེ་ལ་དྭགས་ནང་པའི་མཐུན་ཚོགས་དང་། ལ་སྤྱི་ལས་ཁུངས། བོད་མིའི་སྒྲིག་འཛུགས་ཐུན་མོང་གིས་གོ་སྒྲིག་ཞུ་རྒྱུའི་མཛད་རིམ་བང་སྒྲིག་བསྡད་ཡོད་ཅེས་གསུངས་བྱུང་།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་དུ་ཆིབས་སྒྱུར་གནང་རྒྱུའི་སྐོར།
སྲིད་སྐྱོང་མཆོག་གིས་མུ་མཐུད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་པར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྔོན་མ་ནས་བཀའ་གནང་གྲུབ་པ་རེད། བོད་ལ་ཆིབས་སྒྱུར་གནང་རྒྱུ་བྱུང་ན་ཆིབས་སྒྱུར་གནང་གི་ཡིན། འོན་ཀྱང་གཏན་བཞུགས་མཛད་ཀྱི་མིན་ཞེས་བཀའ་གནང་ཡོད་པ་རེད་ཅེས་དང་། གཏན་བཞུགས་གནང་གི་མིན་ཞེས་བཀའ་གནང་པ་འདི་དགོས་པ་གཅིག་གི་ཐོག་ནས་བཀའ་གནང་གི་ཡོད་པ་གསལ་པོ་རེད། རྒྱ་ནག་གཞུང་ཕྱོགས་ནས་གལ་སྲིད་བོད་དུ་ཆིབས་སྒྱུར་གནང་ན་བོད་དུ་བཞུགས་གདན་འཇགས་དགོས་ཀྱི་ཡོད་ཟེར་ལོ་མང་རིང་ནས་ལབ་བཞིན་ཡོད་པ་འདི་གསལ་པོ་རེད། དེ་འདྲ་ཡིན་དུས་༧སྐུ་མདུན་གྱིས་བཀའ་གནང་སྟངས་དེ་ག་རང་ནས་
ཕར་ཕྱོགས་ནས་ག་རེ་ལབ་ཀྱི་ཡོད་པ་འདི་གསལ་པོ་ཆགས་ཀྱི་ཡོད་རེད། མ་འོངས་པར་ཆིབས་སྒྱུར་གནང་ཐུབ་མིན་གཙོ་བོ་རྒྱ་ནག་གཞུང་གི་བསམ་བློ་གང་འདྲ་འདུག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་དང་མཐུན་པ་ཞིག་ཡོང་གི་འདུག་དང་མི་འདུག་དེ་ཚོ་ང་ཚོས་བལྟ་དགོས་རྒྱུ་གནད་འགག་ཆེན་པོ་རེད། གཉིས་ཐད་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ཡར་བགྲེས་པའི་སྐབས་འདིར་ད་ལྟ་ཡིན་ཡང་ལ་དྭགས་སུ་ཆིབས་སྒྱུར་གནང་ཐུབ་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་བོད་ས་མཐོ་པོ་ཡིན་ཡང་། ཆིབས་སྒྱུར་གནང་ཐུབ་ཀྱི་ཡོད་པ་འདི་ཡང་རང་བཞིན་གྱི་སྒྲུབ་ཐུབ་ཀྱི་ཡོད་རེད་དེ། བོད་སྤྱི་ཡོངས་ཀྱི་ས་ཆའི་ཆགས་བབ་དང་སྐུ་གཟུགས་འཕྲོད་བཞེས། དགུང་ལོའི་བབ་བཅས་མང་པོ་ཞིག་ལ་བལྟ་དགོས་པའི་གནས་སྟངས་ཆགས་ཀྱི་རེད། དེ་འདྲ་ཡིན་དུས་འདིའི་སྐོར་ལས་སླ་པོའི་ཐོག་ནས་ལན་བརྒྱབ་ཐུབ་རྒྱུ་གཅིག་མ་རེད། ཡིན་ན་ཡང་མ་འོངས་པར་གོ་སྐབས་ཡོད་ན་༧སྐུ་མདུན་གྱི་དགོངས་པར་ཡོད་པ་འདི་ནི་གསལ་པོ་རེད། དེ་ག་ནང་བཞིན་གྱི་བོད་དུ་ཆིབས་སྒྱུར་གནང་སྟེ་གཏན་དུ་བཞུགས་གནང་རྒྱུ་མིན་པ་འདི་གསལ་པོ་རེད་ཅེས་གསུངས་བྱུང་།སྲིད་སྐྱོང་མཆོག་གིས་མུ་མཐུད། རྒྱ་ནག་གཞུང་དང་མཉམ་དུ་ལྟག་སྒོའི་འབྲེལ་བ་ཡོད་པ་འདི་གཤོད་ཀྱི་ཡོད། རྒྱ་ནག་གཞུང་གིས་ཡོངས་ཁྱབ་ཁས་ལེན་བྱེད་མདོག་ཁ་པོ་མ་རེད། འོན་ཀྱང་འབྲེལ་བ་ཡོད་དམ་ཟེར་ན་འབྲེལ་བ་ཡོད་རེད། དེ་མིན་གྱི་གནས་ཚུལ་ཡོངས་སུ་བཤད་བདེ་པོ་ཡོད་མ་རེད་ཅེས་གསུངས་བྱུང་།
ཨ་རིའི་གཞུང་གི་དཔོན་རིགས་དང་གྲོས་ཚོགས་འཐུས་མིར་མཇལ་འཕྲད།
དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནེན་སི་པེ་ལོ་སི་མཆོག་གྲོས་ཚོགས་སྐབས་འདིའི་རྗེས་སུ་བགྲེལ་ཡོལ་དུ་ཕེབས་ཀྱི་ཡོད་པས། མ་འོངས་གྲོས་ཚོགས་ཀྱི་འཐུས་མི་གནད་འགག་ཡོད་པ་ཚོར་འབྲེལ་བ་མཐུད་རྒྱུ་དང་། འཐུས་མི་གསར་པ་ཚོར་འབྲེལ་བ་གནང་ཕྱོགས་ཇི་དགེ་འབད་བརྩོན་གནང་མུས་ཡིན་པ་མ་ཟད། སྲིད་སྐྱོང་མཆོག་གི་ད་རེས་ཀྱི་ཨ་རིའི་ནང་གི་ཕྱོགས་ཕེབས་འདིའི་སྐབས་ཨ་རིའི་གྲོས་ཚོགས་ནང་དབུས་བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་གནང་ཕྱོགས་དང་བོད་ནང་དུ་སྡུག་རྩུབ་ཀྱི་གནས་སྟངས་ལ་ཞིབ་འཇུག་བྱེད་དགོས་པའི་ཁྲིམས་འཆར་བཏོན་ནས་གྲོས་ཚོགས་སུ་མདུན་སྐྱོད་བྱེད་བཞིན་པའི་ཐོག་སྐུལ་འདེད་དང་རྒྱབ་སྐྱོར་འཚོལ་ཐབས་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་དང་བོད་ཕྱི་ནང་གཉིས་ཀྱི་ཆེད་དངུལ་གྲོན་གནང་རྒྱུའི་ཐད་གཙོ་བོ་གྲོས་ཚོགས་ཀྱི་འབྲེལ་ཡོད་ཚོར་མཇལ་མོལ་དང་བཀའ་བསྡུར་གནང་པ་ཡིན་ཞེས་གསུངས་བྱུང་།
ཨ་རི་དང་རྒྱ་གར་གྱི་རྒྱབ་སྐྱོར།
སྲིད་སྐྱོང་མཆོག་གིས་བོད་དོན་ཐོག་ལ་ཁྲིམས་ཡིག་གི་ཐོག་ནས་རྒྱབ་སྐྱོར་གནང་མཁན་ཨ་རི་གཅིག་པུ་ཡིན་ན་ཡང་། བོད་མི་ཚོར་གནས་ཡུལ་རྒྱལ་ཁབ་(རྒྱ་གར་)ནང་བཞིན་གྱི་ལོ་རྒྱུས་ནང་བཀའ་དྲིན་ཆེན་པོ་ཞིག་ཡོད་པ་མ་རེད། གནས་ཡུལ་རྒྱལ་ཁབ་ཀྱི་མཐུན་འགྱུར་དང་རོགས་རམ་མེད་ན། ད་ལྟ་ཡོད་བཞིན་པའི་བོད་མིའི་སྒྲིག་འཛུགས་དང་བོད་མི་གནས་སྡོད་བྱེད་བཞིན་པ་འདི་དག་ཡོང་རྒྱུ་མིན་སྟབས། གནས་ཡུལ་རྒྱལ་ཁབ་རྒྱ་གར་ལས་ལྷག་པ་བཀྲིན་ཆེན་པོ་ཞིག་ཡོད་མ་རེད་ཅེས་གསུངས་བྱུང་།
ཨ་རིའི་གྲོས་ཚོགས་ནས་བོད་དོན་ཐོག་ལ་རྒྱབ་སྐྱོར་གནས་ཐབས་སྐོར།
སྲིད་སྐྱོང་མཆོག་ལ་ཨ་རིའི་གྲོས་ཚོགས་ནང་ནས་ལྕམ་ནེན་སི་པེ་ལོ་སི་མཆོག་གྲོས་ཚོགས་སྐབས་རྗེས་མ་ནས་འོས་བསྡུའི་ནང་བཞེངས་རྒྱུ་མིན་པར་བགྲེས་ཡོལ་ལ་ཕེབས་རྒྱུ་ཡིན་པའི་གསལ་བསྒྲགས་གནང་པ་འདིའི་ཐད་མ་འོངས་གྲ་སྒྲིག་དང་རྒྱབ་སྐྱོར་འདི་འདྲ་ཞིག་ཇི་ལྟར་ཡོང་བ་གནང་དགོས་པའི་ཐད་བཀའ་འདྲི་ཞུས་པར། སྲིད་སྐྱོང་མཆོག་གིས། ལྕམ་ནེན་སི་པེ་ལོ་སི་ནང་བཞིན་གྱི་བོད་པར་རྒྱབ་སྐྱོར་བྱེད་མཁན་ཞིག་མ་འོངས་ཡོང་གི་རེད་དམ་མ་རེད་ཟེར་བ་འདི་ཞུ་ཁག་པོ་རེད། འོན་ཀྱང་ང་ཚོས་མུ་མཐུད་འབད་བརྩོན་བྱེད་དགོས་པ་རེད། རྒྱབ་སྐྱོར་འདི་འདྲ་ཞིག་ཡོང་གི་ཡོད་པ་འདི་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཡོང་གི་ཡོད་པ་འདི་ང་ཚོ་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚང་མས་མཁྱེན་དགོས་ཡག་གི་གནས་སྟངས་ཤིག་རེད། ང་ཚོའི་ངོས་ནས་ལོ་ཤས་གོང་ནས་འབད་བརྩོན་ཞུ་བཞིན་ཡོད། འབད་བརྩོན་མ་ཞུས་པ་དེ་འདྲ་གང་ཡང་མ་རེད། ཡང་ཕྱོགས་གཞན་ནས་གཅིག་ཐོན་དུས་གསར་པ་གཅིག་གསོ་སྐྱོང་བྱེད་ཆོག་ཆོག་ཡོད་པའི་བཟོ་འདྲ་འདི་ལས་སླ་པོ་མ་རེད། ལྕན་ནེན་སི་མཆོག་ཕྱི་ལོ་ ༡༩༨༧ ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཞི་བའི་གྲོས་འཆར་དོན་ཚན་ལྔ་བཏོན་གནང་པའི་སྐབས་ནས་བཟུང་རིམ་པར་༧གོང་ས་མཆོག་ལ་དད་པ་དང་དམ་ཚིག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་དང་ལྕམ་པེ་ལོ་སིའི་བསམ་བློ་བཏང་གནང་སྟངས་འདི་དག་མཐུན་གྱི་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་ཡོང་གི་ཡོད་པ་རེད། ཁོང་ད་ལྟ་ཕྱག་ལས་གནང་པའི་སྐབས་འདིར་ང་ཚོར་གྲོས་ཚོགས་ནང་དུ་ལས་ཀ་བྱེད་བདེ་པོ་ཡོད། ཁོང་ཆབ་སྲིད་ཚོགས་པ་གཅིག་ནས་ཡིན་ན་ཡང་ཚོགས་པ་གཞན་ལའང་འབྲེལ་བ་བྱེད་དགོས་ཀྱི་ཡོད་རེད། དཔེར་ན་ལོ་གཅིག་ནང་མཚོན་ན། ལོ་འགོ་ནས་འཛོམས་ཏེ་སྐུ་ཚབ་དོན་གཅོད་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། ང་ཚོ་ཡང་ཡོང་དགོས་དུས་ཡོང་། མཚམས་རེ་རི་ཆརཌི་གྷིཡར་ཡང་ཕེབས་དགོས་དུས་ཕེབས་ཏེ་ལོ་གཅིག་ནང་བསྒྲུབ་དགོས་པ་འདི་དག་གང་ཡོད་དམིགས་ཚད་བཟུང་གི་ཡོད། དེ་ནས་ལྕམ་པེ་ལོ་སིས་འཐུས་མི་གཞན་ལ་རེ་སྐུལ་གནང་སྟེ་འཐུས་མི་དགུང་ལོ་གཞོན་པ་ཚོ་དང་མཉམ་དུ་མཉམ་ལས་བྱེད་བཞིན་ཡོད་ཅེས་གསུངས་བྱུང་།
བཀའ་ཤག་སྐབས་ ༡༧ པའི་ལས་དོན་སྒྲུབ་ཕྱོགས་དང་ཐབས་བྱུས།
སྐབས་ ༡༧ པའི་བཀའ་ཤག་ཏུ་བཀའ་བློན་བདུན་བསྐོ་འདེམས་བྱུང་ཡོད་པ་ལྟར། མ་འོངས་བཀའ་ཤག་དང་ལས་ཁུངས་ཁག་གི་ལས་དོན་གནང་ཕྱོགས་རྣམས་མིས་བཟོས་རིག་ནུས་ཀྱི་མཐུན་རྐྱེན་བེད་སྤྱོད་གནང་སྟེ་ཕྱག་ལས་གནང་སྟབས་བདེ་རུ་བཟོ་རྒྱུའི་འཆར་གཞི་ཡོད་པ་དང་། འདི་བརྒྱུད་བཀའ་ཤག་གིས་ངོས་ནས་ཁྲིམས་སྒྲིག་དང་སྲིད་བྱུས་ཐོག་ལ་ཤུགས་སྣོན་བསྐྱོན་རྒྱུ་དང་། མ་འོངས་ལོ་ལྔའི་ནང་དུ་བོད་མི་སྡོད་ཁང་མེད་པ་ཁྱིམ་ཚང་ ༡༨༠༠ ཙམ་ཡོད་པའི་ནང་ནས་ཁྱིམ་ཚང་ ༨༠༠ ཙམ་ལ་ལས་གཞི་འགོ་འཛུགས་ཟིན་པ་འདི་དག་མུ་མཐུད་མཇུག་སྐྱོང་གནང་རྒྱུའི་མཚོན་སྒྲོམ་གཞིའི་ལས་དོན་རྣམས་ལེགས་གྲུབ་ཡོང་ཐབས་ཐོག་ལ་ཕྱག་ལས་གནང་རྒྱུ་ཡིན་པ་སོགས་ལས་དོན་ཁག་བང་སྒྲིག་གནང་ཡོད་པ་གསུངས་བྱུང་།།
པར་ལེན། ཌྲུ་ཀེ་ནེ་ཌི། ཝ་ཐཱན། ནོར་སྡེ་སྒྲོལ་མ།
བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།
