ཨ་རིའི་མེ་ཌི་སན་གྲོང་ཁྱེར་གྱིས་འདི་ལོའི་༧སྐུའི་འཁྲུངས་སྐར་ཉིན་མོ་འདི་བཞིན་བྱམས་བརྩེའི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་གྲོང་ཁྱེར་སྤྱི་ཁྱབ་པས་གཏན་འབེབས་ཀྱིས་བསྒྲགས་གཏམ་སྤེལ་འདུག
ཨ་རིའི་ཝིསི་ཀན་སིན་ (Wisconsin) མངའ་སྡེའི་མེ་ཌི་སན་ (Madison) གྲོང་ཁྱེར་གྱིས་འདི་ལོའི་༧སྐུའི་འཁྲུངས་སྐར་ཉིན་མོ་འདི་བཞིན་བྱམས་བརྩེའི་ཉིན་མོ་ཞེས་སྲུང་བརྩི་ཞུ་རྒྱུའི་གྲོང་ཁྱེར་སྤྱི་ཁྱབ་པ་ལྕམ་སཏྱ་རོཌསི་ཁོན་ཝའི་ (Satya Rhodes-Conway) ལགས་ཀྱིས་མཚན་ཐོག་ནས་གཏན་འབེབས་ཀྱིས་བསྒྲགས་གཏམ་སྤེལ་གནང་འདུག་ཅིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་༧སྐུ་ཕྲེང་ ༡༤ པ་མཆོག་ལ་ཆེ་བསྟོད་དང་༧གང་ཉིད་ཀྱིས་བཀའ་སློབ་བསྩལ་གནང་པ་ཁག་དང་འགྲོ་བ་མིའི་བདེ་རྩའི་ཆེད་མཛད་འཕྲིན་བསྐྱངས་དང་སྐྱོང་མུས་ཀྱི་དཔེ་མཚོན་ཞིག་བསྐྲུན་གནང་པ་རྣམས་མེ་ཌི་སན་གྲོང་ཁྱེར་གྱི་མི་མང་ཚོས་ཉམས་ལེན་ལག་བསྟར་གནང་རྒྱུ་དང་། ༧གོང་ས་མཆོག་གིས་འགྲོ་བ་མིའི་བྱམས་བརྩེ་རང་བཞིན་གྱི་ཁྱད་ཆོས་དང་ཞི་བདེ། ཕན་ཚུན་གུས་བརྩི་བྱེད་དགོས་པའི་བཀའ་སློབ་བསྩལ་པ་རྣམས་དྭང་དུ་བླང་ཕྱིར་བྱམས་བརྩེའི་ཉིན་མོ་ཞེས་གསལ་བསྒྲགས་ཞུས་པ་ཡིན་ཞེས་གསུངས་འདུག དེ་ཡང་ཝིསི་ཀན་སིན་བོད་དོན་དྭང་བླངས་ཞུ་གཏུག་ལས་འགུལ་གྱི་འབྲེལ་མཐུད་པ་བསྟན་འཛིན་རྒྱུད་རིཊ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་དོན་དུ། མེ་ཌི་སན་གྲོང་ཁྱེར་གྱིས་དེ་སྔ་ཡིན་ན་བོད་རིགས་སྤྱི་མཐུན་ཚོགས་པར་བསྒྲགས་གཏམ་འདི་རིགས་གནང་སྲོལ་ཡོད་ཅིང་། འདི་ལོ་ས་གནས་སུ་བོད་དོན་ཞུ་གཏུག་ལས་འགུལ་གྱི་འབྲེལ་མཐུད་གསར་འཛུགས་ཞུས་ཏེ་ལོ་གཅིག་ཧྲིལ་པོ་འཁོར་མེད་པའི་དུས་སྐབས་སུ་བསྒྲགས་གཏམ་སྤེལ་བ་དང་གཅིག ལྷག་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་ཉིན་མོ་འདི་བྱམས་བརྩེའི་ཉིན་མོར་ཁས་ལེན་ཞུས་གནང་པ་བཅས་དོན་གནད་གཉིས་ཀྱི་ཐོག་ནས་གལ་ཆེན་ཆགས་ཡོད་ཅེས་གསུངས་བྱུང་།བསྟན་འཛིན་རྒྱུད་རིགས་ལགས་ཀྱིས་གསུངས་ན། ཝིསི་ཀན་སིན་མངའ་སྡེའི་བོད་དོན་ཞུ་གཏུག་གི་ལས་འགུལ་འདིའི་ནང་དུ་ཚོགས་མི་བརྒྱད་ཡོད་པ་དང་། ཕྱི་ཟླ་ ༥ ཚེས་ ༢༡ ཉིན་བོད་དོན་ཞུ་གཏུག་ལས་འགུལ་བ་རྣམས་དང་མེ་ཌི་སན་གྱི་གྲོང་ཁྱེར་སྤྱི་ཁྱབ་པ་སཏྱ་རོཌསི་ཁོན་ཝའི་ལགས་ཀྱི་དབར་འབྲེལ་བ་བྱུང་སྟེ། ཕྱི་ཟླ་ ༦ ཚེས་ ༩ ཉིན་བསྒྲགས་གཏམ་འདི་དངོས་སུ་ས་རྟགས་བཀོད་དེ་གཏན་འབེབས་གནང་པ་ཞིག་རེད་ཅེས་གསུངས་བྱུང་།

སྤྱིར་མེ་ཌི་སན་གྲོང་ཁྱེར་འདི་བཞིན་ཝིསི་ཀན་སིན་མངའ་སྡེའི་གྲོང་ཁྱེར་ཆེ་ཤོས་གཉིས་པ་དང་མངའ་སྡེའི་རྒྱལ་ས་ཆགས་ཀྱི་ཡོད་པ་དང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མེ་ཌི་སན་གྲོང་ཁྱེར་ནང་ཐེངས་ ༡༠ ལྷག་ཆིབས་སྒྱུར་གྱིས་མཛད་འཕྲིན་བསྐྱངས་ཡོད་ཅིང་། ཆིབས་སྒྱུར་ཐེངས་གཉིས་ཀྱི་རིང་ལ་གྲོང་ཁྱེར་འདི་ནས་བོད་དོན་དང་འབྲེལ་བའི་གྲོས་ཆོད་གཏན་འབེབས་གནང་པ་དང་། ལྷག་པར་ཕྱི་ལོ་ ༢༠༠༨ ལོར་ཆིབས་སྒྱུར་བསྐྱངས་གནང་མཛད་སྐབས། མེ་ཌི་སན་གྲོང་ཁྱེར་གྱི་ལས་ཁུངས་ཀྱི་ཁང་རྩེག་ཁག་ཏུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཞུས་ཏེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་ཞུས་ཡོད་པ་རེད།

བསྟན་འཛིན་རྒྱུད་རིགས་ལགས་ཀྱིས། གྲོང་ཁྱེར་འདིའི་ནང་དུ་ལོ་མང་རིང་ས་གནས་ཀྱི་འགོ་ཁྲིད་རྣམས་དང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་རིམ་པའི་དབར་འབྲེལ་བ་མུ་མཐུད་བྱུང་སྟེ་བོད་དོན་ཐོག་ལ་བསྒྲགས་གཏམ་དང་གྲོས་ཆོད་ཁག་གཏན་འབེབས་གནང་ཐུབ་པ་བྱུང་ཡོད་པར་བརྟེན། མི་རབས་རྒན་པ་ཚོས་མུ་མཐུད་ཕྱག་ལས་གནང་ཡོད་པ་རེད་ཅེས་གསུངས་བྱུང་།སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་ཝིསི་ཀན་སིན་ (Wisconsin) མངའ་སྡེའི་མེ་ཌི་སན་ (Madison) གྲོང་ཁྱེར་བར་གྱི་འབྲེལ་བ་ནི་ཕྱི་ལོ་ ༡༩༧༩ ཟླ་ ༩ ཚེས་ ༣ ནས་ཕྱི་ཟླ་ ༡༠ ཚེས་ ༢༡ བར་ཨ་རིར་ཆིབས་སྒྱུར་ཐོག་མར་བསྐྱངས་གནང་མཛད་པའི་སྐབས། ཕྱི་ལོ་ ༡༩༧༩ ཟླ་ ༩ པའི་ནང་ཉིན་གཉིས་རིང་མེ་ཌི་སན་གྲོང་ཁྱེར་དུ་༧ཞབས་སོར་འཁོད་པ་ནས་བཟུང་དམིགས་བསལ་ལོ་རྒྱུས་ལྡན་པའི་འབྲེལ་བ་ཆགས་པའི་ས་ཚིགས་གལ་ཆེན་ཞིག་ཆགས་ཡོད་ལ། ཕྱི་ལོ་ ༡༩༨༡ ལོར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་གནང་མཛད་པ་དང་། ཤ་བའི་གླིང་ནང་པའི་ཆོས་ཚོགས་དང་ཝིསི་ཀན་སིན་གཙུག་ལག་སློབ་ཆེན་གྱི་ཀླད་པའི་ཚན་རིག་ཞིབ་འཇུག་ལྟེ་གནས་ཁང་དབུ་འབྱེད་གནང་པ་སོགས་ཀླད་ཁམས་ཚན་རིག་ཉམས་ཞིབ་དང་འབྲེལ་བ་བརྟན་པོ་ཚུགས་ཡོད་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། བཀྲ་དབང་།
