ཉེ་ཆར་ཝེ་ནི་ཛུའེ་ལར་འགུལ་ཚད་རིམ་པ་ ༧.༢ དང་ ༧.༥ ཡི་ས་ཡོམ་ཚབས་ཆེན་བསྟུད་མར་བྱུང་སྟེ། མི་མང་པོའི་གཅེས་པའི་ཚེ་སྲོག་ཤོར་བ་དང་། མི་མང་པོར་རྨས་སྐྱོན་སོགས་ཀྱི་གནས་ཚུལ་བྱུང་པར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་རྣམ་གཉིས་ཀྱིས་ཝེ་ནི་ཛུའེ་ལའི་གཞུང་དམངས་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་ཐུགས་གསོའི་གསུང་འཕྲིན་ཆེད་མངགས་བསྩལ་གནང་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་གསོའི་གསུང་འཕྲིན།
དེ་ཡང་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༢༧ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་བའི་ཐུགས་གསོའི་གསུང་འཕྲིན་ནང་། ཐེངས་འདིའི་ས་ཡོམ་གྱི་གནོད་འཚེས་རྐྱེན་པས་ཚེ་སྲོག་མང་པོ་ཤོར་བ་དང་མི་མང་པོར་རྨས་སྐྱོན་ཕོག་པར་ཐུགས་ཕམ་ཆེན་པོ་བྱུང་ཞེས་དང་། རྐྱེན་ལམ་དུ་སོང་བ་རྣམས་ཀྱི་ཆེད་དུ་ཐུགས་སྨོན་དང་། གནོད་འཚེ་ཕོག་པའི་མི་མང་ཡོངས་ལ་ཐུགས་གསོ་དང་སྙིང་དབུས་ནས་གདུང་སེམས་མཉམ་སྐྱེད་ཡོད་ཅེས་བཀོད་གནང་འདུག
༧གོང་ས་མཆོག་གིས། ང་ཚོ་འགྲོ་བ་མི་ཡོངས་རྫོགས་གཅིག་མཚུངས་ཡིན་པ་དང་། ཚང་མ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པས། ཕན་ཚུན་རོགས་རམ་བྱེད་རྒྱུའི་འགན་འཁྲི་ཡོད་ཅེས་དང་། ད་ལྟའི་ཛ་དྲག་གི་དུས་ཚོད་འདིར་རྒྱལ་སྤྱིའི་མྱུར་སྐྱོབ་མི་སྣ་བརྒྱ་ཕྲག་མང་པོ་ཝེ་ནི་ཛུའེ་ལར་འབྱོར་ཏེ། དཀའ་སྡུག་ཆེ་བའི་དུས་སྐབས་དེར་ས་གནས་མི་མང་དང་མཉམ་དུ་མྱུར་སྐྱོབ་ཀྱི་ལས་དོན་སྤེལ་ནས་རོགས་རམ་བྱེད་བཞིན་པར་རྒྱབ་སྐྱོར་ཡོད་ཅེས་བཀའ་གནང་འདུག
༧གོང་ས་མཆོག་གིས་གསུང་འཕྲིན་ནང་ད་དུང་ཕྱི་ལོ་ ༡༩༩༢ ལོར་ཝེ་ནི་ཛུའེ་ལར་ཉིན་གྲངས་བཞིའི་རིང་ཆིབས་བསྒྱུར་གནང་སྐབས་ས་གནས་ཀྱི་ཁྱབ་ཁོངས་འདྲ་མིན་གྱི་མི་སྣ་ཚོས་བྱམས་བརྩེ་དང་། སྙིང་རྗེ། ཆོག་ཤེས། ཚུལ་ཁྲིམས། ཆོས་ལུགས་མཐུན་སྒྲིལ་བཅས་ཀྱི་རིན་ཐང་ལ་དགའ་མོས་དང་གདེང་འཇོག་ཆེན་པོ་གནང་བའི་རྣམ་པ་དེ་དག་ད་ལྟའང་ཐུགས་དྲན་གསལ་པོ་གསོ་གནང་གི་ཡོད་པ་མ་ཟད། མི་མང་གི་བསམ་བློའི་ནུས་པ་དང་བྱམས་བརྩེའི་སྙིང་སྟོབས་དེས་ད་ལྟའི་དཀའ་ངལ་ཆེན་པོ་འདི་ལས་འགྲོལ་ཐུབ་པའི་ཐུགས་རེ་དང་ཐུགས་སྨོན་གནང་གི་ཡོད་པ་གསུང་འཕྲིན་ནང་བཀོད་གནང་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་གདུང་སེམས་མཉམ་སྐྱེད་གནང་བ།
ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༢༨ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ད་རེས་ཚེས་ ༢༤ ཉིན་གྱི་དགོང་མོར་ཝེ་ནི་ཛུའེ་ལར་འགུལ་ཚད་རིམ་པ་ ༧.༢ དང་ ༧.༥ ཡི་ས་ཡོམ་བསྟུད་མར་བརྒྱབ་ནས་གོད་ཆག་ཚབས་ཆེན་བྱུར་བར་བོད་མིའི་སྒྲིག་འཛུགས་དང་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་གསོ་དང་གདུང་སེམས་མཉམ་སྐྱེད་གནང་ཡོད་པ་གསུངས་འདུག
སྲིད་སྐྱོང་མཆོག་གི་གསུང་འཕྲིན་ནང་ས་ཡོམ་གྱི་གནོད་འཚེའི་ཁྲོད་ནས་གཉེན་འབྲེལ་བྲལ་བ་དང་། རྨས་སྐྱོན་ཕོག་པ། སྡོད་ཁང་མེད་པར་གྱུར་བ་རྣམས་ཀྱི་སྡུག་བསྔལ་ལ་གདུང་སེམས་མཉམ་སྐྱེད་དང་། ཤུལ་ལུས་ནང་མི་ཚོ་དང་མཉམ་དུ་མྱ་ངན་ཞུ་བཞིན་ཡོད་ཅེས་གསུངས་འདུག་ལ། ད་ལྟའི་ཛ་དྲག་གི་གནས་སྟངས་འོག་རང་སྲོག་འབེན་ལ་བཙུགས་ཏེ་འཚོལ་ཞིབ་དང་མྱུར་སྐྱོབ་ཀྱི་ལས་དོན་གཉེར་བཞིན་པའི་མེ་གསོད་རུ་ཁག་དང་། སྨན་ཞབས་པ། ཉེན་རྟོག་པ། དང་བླངས་པ་བཅས་ཀྱི་བློས་གཏོང་དང་ཞབས་ཞུའི་ལས་དོན་ལ་ཚད་མཐོའི་བསྔགས་བརྗོད་གནང་འདུག
གསུང་འཕྲིན་གྱི་མཇུག་ཏུ་སྲིད་སྐྱོང་མཆོག་གིས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། གནོད་འཚེ་ཕོག་པའི་ས་གནས་མི་མང་རྣམས་མྱུར་དུ་དྲག་སྐྱེད་ཡོང་བ་དང་། ཡང་སྟོབས་ཤུགས་དང་སྙིང་སྟོབས། སྙིང་རུས་ལྡན་པའི་ཝེ་ནི་ཛུའེ་ལའི་མི་མང་རྣམས་སླར་ཡང་ཡར་ལངས་ཏེ་གཞིས་ཁྱིམ་དང་སྤྱི་ཚོགས་བསྐྱར་སྐྲུན་ཐུབ་པའི་སྨོན་ལམ་ཡོད་པ་གསུངས་འདུག
