ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༣༠ ཉིན་རྒྱ་ནག་གིས་ཧོང་ཀོང་ནང་དུ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཡིག་དངོས་སུ་ལག་བསྟར་བྱས་ཏེ་ལོ་དྲུག་སོང་རྗེས་ད་ཆ་ཧོང་ཀོང་ནང་ཆབ་སྲིད་ཀྱི་གནས་སྟངས་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲིད་ཇུས་དང་རྒྱ་ནག་དམར་ཤོག་ཚོགས་པའི་ཤུགས་རྐྱེན་བརྒྱུད་ཧོང་ཀོང་གི་གཞུང་འཛིན་སྐྱོང་བྱེད་སྟངས་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་བཞིན་ཡོད་པ་ཕྱི་ཚེས་ ༢༩ ཉིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་བརྗོད་འདུག
དེ་ཡང་དམངས་གཙོའི་འགྲོ་ལུགས་ཞན་དུ་ཕྱིན་ཏེ། དམངས་གཙོ་དོན་གཉེར་བ་དང་ཆབ་སྲིད་པ། ལས་འགུལ་འཐབ་རྩོད་པ་དང་རང་དབང་ཅན་གྱི་གསར་འགྱུར་བརྒྱུད་ལམ་སོགས་སྤྱི་མང་གི་སྤྱི་ཚོགས་ལ་དམ་དྲག་ཆེ་རུ་འགྲོ་བཞིན་ཡོད་ཅེས་བརྗོད་འདུག
འགྲོ་བ་མིའི་ཐོབ་ཐང་ཚོགས་པ་མང་པོས་རྒྱ་ནག་གིས་ལོ་མང་གི་རིང་ནས་བོད་ཀྱི་ས་ཁུལ་གཙོ་བོར་བྱས་པའི་ཤིན་ཅང་དང་ནང་སོག་ཁུལ་དུ་ལག་བསྟར་བྱེད་བཞིན་པའི་དྲག་གནོན་སྲིད་བྱུས་ཀྱི་འབྲུ་དོན་དང་གཅིག་མཚུངས་ཡིན་པ་དང་། ལྟ་སྲུང་རྒྱ་བསྐྱེད་དང་། ཆབ་སྲིད་སློབ་གསོའི་ལས་འགུལ། དེ་བཞིན་སྨྲ་བརྗོད་རང་དབང་ལ་དམ་དྲག་བྱེད་ཀྱི་ཡོད་པ་རེད།
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ད་དུང་། དབང་འཛིན་པ་ཚོས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་བཀོལ་སྤྱོད་ཀྱིས། དྲ་ཐོག་མཆན་དང་པར་སྐྲུན་རིགས་ཚུད་པའི་བསམ་ཚུལ་གཤོད་པར་ཁྲིམས་གཏུགས་བྱེད་ཀྱི་ཡོད་པ་མ་ཟད། སློབ་གྲྭ་དང་སྤྱི་པའི་སྒྲིག་འཛུགས་ཁག་ལ་རྒྱལ་གཅེས་སློབ་གསོ་དང་རྒྱལ་ཁབ་ཀྱི་བདེ་འཇགས་བརྡ་འཕྲིན་དར་སྤེལ་བཏང་དགོས་པའི་དགོས་མཁོའི་ཆ་རྐྱེན་བཟོས་ཡོད་ཅེས་བརྗོད་འདུག
༢༠༢༥ ཕྱི་ཟླ་ ༡༡ ནང་ཧོང་ཀོང་ཐའེ་པོ་སྡོད་ཁང་དུ་ (Tai Po apartment) མེ་སྐྱོན་ཚབས་ཆེན་བྱུང་སྐབས་ཧོང་ཀོང་གཞུང་ལ་དོན་རྐྱེན་དེ་དང་འབྲེལ་ནས་སྐྱོན་བརྗོད་བྱེད་མཁན་ཚོར་རྒྱལ་ཁབ་ཁ་བྲལ་གྱི་ཉེས་འཛུགས་འོག་འཛིན་བཟུང་བྱས་པ་དང་ཡང་གསར་འགོད་པ་དང་དོན་རྐྱེན་དེ་འབྲེལ་མང་ཚོགས་ཀྱིས་གནད་དོན་འདིའི་སྐོར་གང་བྱུང་སྐད་ཆ་གཤོད་མི་ཆོག་པའི་དམ་དྲག་བྱས་ཡོད་པ་བརྗོད་འདུག
རྒྱ་ནག་དང་ཧོང་ཀོང་གི་གཞུང་འཛིན་པ་ཚོས་སྔོན་ཆད་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་དེ་ཕྱི་ལོ་ ༢༠༡༩ ལོར་ཞི་བའི་ངོ་རྒོལ་རྒྱ་ཆེ་བྱུང་རྗེས་བརྟན་ལྷིང་སླར་གསོ་བྱེད་པར་དགོས་ངེས་ཤིག་ཡིན་པ་དང་ཁྲིམས་འགལ་བ་ཉུང་ཤས་ཤིག་ལ་དམིགས་འཛུགས་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་ཀྱང་། ཁྲིམས་དེ་ལག་བསྟར་བྱུང་ནས་ལོ་དྲུག་གི་རྗེས་ཧོང་ཀོང་གི་ཆབ་སྲིད་དང་མི་མང་གི་རང་དབང་གང་ཅིར་དོ་ཕོག་ཕྱིན་ཡོད་པ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཐེར་འདོན་བྱས་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཝ་ཤིང་ཊོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ལ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སྙན་ཐོའི་སྐོར་ལ་ལེན་འབོད་སྐུལ་བྱས་ཀྱང་གནས་ཚུལ་འདི་རྒྱང་སྲིད་བྱས་པའི་དུས་ཡུན་བར་ལེན་འདེབས་སྦྱོར་མ་བྱུང་།
ཧོང་ཀོང་ས་གནས་གཞུང་ནང་ཆབ་སྲིད་ཀྱི་འགྱུར་ལྡོག་འགྲོ་བཞིན་པའི་ཤུགས་རྐྱེན་ངན་པ་དེ་ཧོང་ཀོང་མི་གསེར་ཚོས་འཁུར་བཞིན་ཡོད་པའི་རྒྱལ་སྤྱིའི་གཞུང་ཁག་ལ་ཧོང་ཀོང་གི་གནད་དོན་སྐོར་མུ་མཐུད་ནས་གླེང་སློང་གནང་དགོས་པ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྐུལ་མ་བྱེད་བཞིན་འདུག
