བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་བའི་རྗེས། འཛམ་གླིང་ས་ཕྱོཊ་གང་སར་བོད་མི་འདུ་སྡོད་ས་ཁུལ་ཁག་ཏུ་འདུ་འཛོམས་ཀྱིས་རྔམ་སྟོན་སྐད་འབོད་བྱེད་བཞིན་པ་དང་། ཨ་རིའི་ནིའུ་ཡོག་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ལས་ཁུངས་མདུན་དུ་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སའི་ས་ཚིགས་སུ་བོད་མི་ཚོ་རྒྱུན་མི་ཆད་པར་འདུ་འཛོམས་ཀྱིས་རྔམ་སྟོན་སྐད་འབོད་དང་། སྨོན་ལམ་གསུང་འདོན། མར་མེའི་མཆོད་འབུལ་གནང་བཞིན་ཡོད་ཅིང་། བོད་མི་ཙམ་མ་ཟད། རྒྱ་མི་རིགས་ཁག་ཅིག་ཀྱང་འདུ་འཛོམས་ཀྱིས་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱི་བློས་གཏོང་ལས་འགུལ་སྤེལ་བར་རྒྱབ་སྐྱོར་གྱི་རྣམ་པ་བསྟན་མཁན་བྱུང་བཞིན་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་བོད་མིའི་རང་ལུས་མེར་བསྲེགས་ཀྱི་བྱུང་བ།
ཟླ་ ༧ ཚེས་ ༢ ཉིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ལས་ཁུངས་མདུན་བློ་དགའ་རང་བཙན་ (བློ་བཟང་དཔལ་ལྡན་) ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་བཙན་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་བཏང་བའི་རྗེས་ས་གནས་ཉེན་རྟོག་པས་ཁོང་ཛ་དྲག་གིས་བྷེ་ལི་ཝིའུ་སྨན་ཁང་དུ་བསྐྱལ་ཡོད་ཀྱང་། སྐུ་ཚེ་མ་ཟིན་པའི་གནས་ཚུལ་བྱུང་ཡོད། གནས་ཚུལ་འདི་ནི་ཨ་རིའི་རྒྱལ་ཁབ་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་བོད་མིས་རང་ལུས་མེར་བསྲེགས་བཏང་བ་ཐོག་མ་དེ་ཆགས་ཀྱི་ཡོད་ཅིང་། བོད་དང་རྒྱ་བལ་ཡུལ་ལུང་གི་ཕྱི་ཕྱོགས་སུ་རང་སྲེག་གི་ལས་འགུལ་ཐོག་མར་དེ་ཆགས་ཡོད།
རྒྱལ་སྤྱིའི་དོ་སྣང་།
རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་འདི་ཐོན་པའི་རྗེས་ CNN དང་། རོའི་ཊརསི་གསར་སྤེལ་ཁང་། ནིའུ་ཡོག་དུས་བབ་སོགས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་མང་པོས་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་དང་རྒྱ་ནག་གཞུང་གིས་ལག་བསྟར་བྱས་པའི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གསར་པ་འདིས་བོད་མིའི་ངོ་བོ་དང་རིག་གཞུང་ལ་ཤུགས་རྐྱེན་བཟོ་བཞིན་ཡོད་སྐོར་གནས་ཚུལ་སྤེལ་ཡོད།
ཡང་ནིའུ་ཡོག་གྲོང་ཁྱེར་གྱི་སྤྱི་ཁྱབ་ཛོ་རཱན་ མམ་དྷ་ནི་ཡིས་X སྤྱི་ཚོགས་དྲ་ཚིགས་ཐོག་གསུངས་པར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྱི་ལ་བོད་པ་ལས་འགུལ་བ་བློ་དགའ་རང་བཙན་འདས་གྲོངས་སུ་གྱུར་བའི་གནས་ཚུལ་གྱིས་ང་རང་སེམས་སྡུག་ཧ་ཅང་ཆེན་པོ་བྱུང་། འདི་ལྟ་བུའི་རེ་ཐག་ཆད་པའི་ཐབས་ལམ་སྤྱད་ན་མ་གཏོགས་འཛམ་གླིང་གི་རང་ཉིད་ཀྱི་སྐད་ཆར་ཉན་འཇོག་བྱེད་ཀྱི་མ་རེད་སྙམ་པ་སུ་ཞིག་གིས་ཀྱང་བསམ་རྒྱུ་མེད།
ནིའུ་ཡོག་གྲོང་ཁྱེར་ནི་མི་ཚང་མར་ཆེ་མཐོང་དང་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་མཁན་ཞིག་ཡིན། ང་ཚོས་ཡིད་སྐྱོ་བའི་གནས་ཚུལ་འདིར་མྱ་ངན་ཞུ་བ་དང་ཆབས་ཅིག ཁོང་གི་གཉེན་ཉེ་དང་རང་རེའི་གྲོང་ཁྱེར་འདིའི་ནང་ཡོད་པའི་བོད་པའི་སྤྱི་ཚོགས་ཡོངས་ལ་སྙིང་ཐག་པ་ནས་གདུང་སེམས་མཉམ་སྐྱེད་ཀྱི་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
རྒྱ་ནག་གཞུང་གི་ལན་འདེབས།
རོའི་ཊརསི་གསར་སྤེལ་ཁང་གིས་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་གསར་འགོད་ལྷན་ཚོགས་ཐོག་ཨ་རིའི་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་བཏང་བའི་སྐོར་ལ་དྲི་བ་བཏང་སྐབས། རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཀོའོ་ཅཱ་ཁུན་གྱིས་ལན་འདེབས་བྱས་པར། བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། འབྲེལ་ཡོད་རྒྱལ་ཁབ་ཁག་གིས་རང་ཉིད་ཀྱི་རྒྱལ་ནང་གི་ཁྲིམས་ལུགས་གཞིར་བཟུང་གནད་དོན་འདིར་ཐག་གཅོད་བྱེད་རྒྱུ་ཡིན་པར་རྒྱ་ནག་གཞུང་གིས་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད།
བཙན་བྱོལ་བོད་མིའི་སེམས་ཚོར་རླབས་པོ་ཆེ་དང་ས་གནས་ཁག་གི་འབོད་སྒྲ།
བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བ་འདིས་བཙན་བྱོལ་ནང་ཡོད་པའི་བོད་མིའི་སྤྱི་ཚོགས་སེམས་ཚོར་ཟབ་པོ་བྱུང་ཡོད་པ་བཞིན། ཨ་རིའི་གྲོང་ཁྱེར་སྦོསི་ཊོན་ནང་དུ་བློ་དགའ་རང་བཙན་ལགས་སུ་མྱ་ངན་དང་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་སྐབས། བོད་དོན་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་ཀྱིས་གསུངས་དོན་དུ། དཔའ་བོ་བློ་དགའ་རང་བཙན་ལགས། ང་ལ་ཡིད་ཆེས་ཡོད། ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་རིགས་སྤུན་ཟླ་ཡོངས་ཀྱིས་མཉམ་དུ་ང་ཚོའི་སྐད་ཡིག་དང་ང་ཚོའི་རིག་གཞུང་། ང་ཚོའི་སྲོལ་རྒྱུན་འདི་སྲུང་སྐྱོབ་བྱེད་ཀྱི་རེད། ང་ལ་ཡིད་ཆེད་ཡོད། ང་ཚོའི་རྙོག་འཛིང་གི་འདམ་བག་ནང་མགོ་འཁོར་ནས་བསྡད་དུས་མེ་ཏོག་པདྨ་བཞིན་ང་ཚོའི་འཇིང་པ་ཡར་བཀྱག་ནས་ཁྱེད་ཀྱིས་གསུངས་པ་བཞིན་ང་བོད་པ་ཡིན་ཟེར་ལབ་ཀྱི་རེད། ང་ལ་ཡིད་ཆེས་ཡོད། འཐབ་རྩོད་འདི་མུ་མཐུད་གནས་ཀྱི་རེད། ང་ཚོ་ལ་དཀའ་ངལ་འཕྲད་པའི་སྐབས་སུ་ང་ཚོ་ཚང་མ་མཉམ་རུབ་བྱས་ཏེ་སྐད་ཤུགས་ཆེན་པོས་ང་བོད་པ་ཡིན་ཟེར་གསུང་གི་རེད། ང་ལ་ཡིད་ཆེས་ཡོད། ང་ཚོའི་སྙིང་སྟོབས་དང་ཡོན་ཏན་གྱིས་རྒྱ་ནག་ཕམ་པར་བྱེད་ཀྱི་ཡིན། ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་རིགས་སྤུན་ཟླ་ཡོངས་ཀྱིས་ང་ཚོའི་འཐབ་རྩོད་ནང་མུ་མཐུད་དཀའ་ལས་རྒྱག་རྒྱུ་དང་མཐུན་སྒྲིལ་བྱེད་ཀྱི་རེད། ང་ལ་ཡིད་ཆེས་ཡོད་ཅེས་གསུང་བཤད་གནང་འདུག
ཡང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་ཡུལ་གྱི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་བོད་མི་ཚོས་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་དང་སྐད་འབོད་ཀྱི་ལས་འགུལ་སྤེལ་སྐབས། དགེ་བཤེས་བྱམས་པ་ཆོས་གྲུབ་ལགས་ཀྱིས་གསུངས་པར། འཐབ་རྩོད་བྱེད་སྐབས་ང་ཚོ་དང་ཁོང་ཚོ་ཟེར་མ་བྱེད་རོགས། རང་བཙན་བློ་དགའི་དམིགས་ཡུལ་ཡང་དེ་རང་རེད། ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་རྒྱ་ནག་ལ་ཁ་གཏད་བཅོག་ཅེས་ལབ་ཀྱི་ཡོད། ལོ་རྒྱུས་ཀྱི་ཐོག་ལ་བློ་དགས་བོད་འདི་རང་བཙན་གཙང་མ་ཡིན་ཞེས་བརྗོད་ཀྱི་ཡོད་ལ། ང་ཚོའི་གཞུང་གིས་ཀྱང་གསུང་སྟངས་དེ་རང་རེད། ཆབ་སྲིད་ཀྱི་འགྱུར་བའི་སྐབས་དང་དུས་ལ་བསྟུན་པའི་ཐག་གཅོད་བྱེད་མཁན་ང་ཚོར་གཞུང་དང་གྲོས་ཚོགས་ཡོད། ཁོང་རྣམ་པ་ཚོས་བྱེད་ཀྱི་རེད། རང་བཙན་གྱི་ལས་འགུལ་དང་དབུ་མའི་ལས་འགུལ་གང་ཡོད་ཀྱང་ང་ཚོས་མཉམ་དུ་སྐྱོད་དགོས། རང་བཙན་བློ་དགའི་རྣམ་ཤེས་ཀྱི་ཚབ་བྱས་ནས་དེ་རིང་ང་ཚོའི་དགྲ་བོ་འདི་རྒྱ་ནག་གཞུང་རེད་ཅེས་བཤད་མཁན་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཟེར་ཞུ་རྒྱུ་ཡིན། ང་གྲ་པ་ཞིག་ཡིན་ཙང་འདི་ལྟར་ངར་ན་འགྲིག་གི་ཡོད་མེད་ཧ་མ་གོ་ཡང་ང་འུ་ཐུག་སོང་། སངས་རྒྱས་ཀྱི་བསྟན་པ་མེད་པ་བཟོ་ཡོང་གི་ཡོད་པ་དང་། སྐད་དང་ཡི་གེ་མེད་པ་བཟོ་ཡོང་གི་ཡོད། ༧རྒྱལ་བ་རིན་པོ་ཆེར་དད་པ་མེད་པ་རྒྱ་ནག་གཞུང་གིས་བཟོ་ཡོང་གི་ཡོད་ཅེས་དགྲ་བོ་རྒྱ་ནག་གཞུང་ལ་ཁ་གཏད་བཅོག་པར་བོད་མི་ནང་ཁུལ་ཆོས་ལུགས་དང་ལྟ་གྲུབ་གང་གི་ཐོག་ནས་ཀྱང་ང་ཚོ་དང་ཁོང་ཚོ་ཞེས་དབྱེ་བ་མ་ཕྱེ་པར་མཐུན་སྒྲིལ་དགོས་ཞེས་འབོད་སྐུལ་གནང་འདུག
རྒྱལ་སྤྱིའི་ཐོག་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་བཞིན་པ།
དོན་རྐྱེན་འདི་བྱུང་པ་ནས་བཟུང་། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོའི་ནང་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་སེམས་ཚོར་གཅིག་ཏུ་བསྡུས་ནས། མྱ་ངན་དང་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་བཞིན་ཡོད་འདུག་པ་དང་། ཡང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་མཚོན་ན། ཕྱི་ཟླ་ ༧ ཚེས་ ༥ ཉིན། ཨ་རིའི་རྒྱལ་སའི་ཁུལ་གྱི་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པས་གོ་སྒྲིག་ཞུས་ཏེ། རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཛ་དྲག་གི་ངོ་རྒོལ་ལས་འགུལ་ཞིག་སྤེལ་ཡོད་ཅིང་། ལས་འགུལ་གྱི་ཐོག་ཏུ་བློ་དགའ་རང་བཙན་ལགས་ཀྱིས་བཞག་པའི་ཞལ་ཆེམས་དབྱིན་ཡིག་ཐོག་ནས་ངོ་སྤྲོད་དང་སྒྲོག་སྦྱངས་གནང་སྟེ། ཚང་མས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསལ་བཤད་གནང་འདུག

ནིའུ་ཡོག་གྲོང་ཁྱེར་དུ་ཟླ་ ༧ ཚེས་ ༥ ཉིན་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་པའི་ཐོག་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་ཡུལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ལས་ཁུངས་ཀྱི་མདུན་དུ་ཉིན་ལྟར་བོད་མི་ཚོ་ཆད་མེད་ཀྱིས་འདུ་འཛོམས་གནང་སྟེ་སྨོན་ལམ་གསུང་འདོན་དང་སྐད་འབོད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ། དེ་མིན་ཨ་རིའི་ས་གནས་མང་པོའི་ནང་བོད་མི་ཚོས་མར་མེའི་ཁྲོམ་སྐོར་དང་འདུ་འཛོམས་གནང་ཡོད་འདུག
ཡང་ཡོ་རོབ་ཁུལ་དུ། སུད་སི་དང་། ཧྥ་རན་སི། དབྱིན་ཡུལ་སོགས་ཡོ་རོབ་ཀྱི་རྒྱལ་ཁབ་མང་པོའི་ནང་ཡོད་པའི་བོད་མི་རྣམས་ཀྱིས་གཅིག་མཚུངས་ངང་རྒྱ་ནག་གཞུང་ཚབ་ཁང་ཁག་གི་མདུན་དང་ཁྲོམ་གཞུང་དུ་ལས་འགུལ་སྤེལ་ཡོད་པ་དང་། ཨོསི་ཊརེ་ལི་ཡ་དང་ཉི་འོང་སོགས་རྒྱལ་ཁབ་ནང་དུ་ཡང་བོད་མི་ཚོས་བློ་དགའ་ལགས་སུ་མྱ་ངན་གུས་འདུད་དང་། རྒྱ་ནག་གཞུང་གི་བཙན་གནོན་ལ་ངོ་རྒོལ་གྱི་སྐད་འབོད་གནང་འདུག
གཞན་ཡང་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་ཆེ་བ་གནས་ཡུལ་རྒྱ་གར་གྱི་བཙན་བྱོལ་བོད་པའི་སྤྱི་ཚོགས་གཙོ་བོར་གྱུར་པའི་ས་གནས་ཁག་ཏུ། ཚོགས་པ་སྐྱིད་སྡུག་ཁག་དང་མི་མང་གིས་བློ་དགའ་ལགས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་གྱི་ལས་རིམ་ཁག་གནང་དང་གནང་བཞིན་ཡོད་འདུག
བོད་ནང་གི་དངོས་ཡོད་གནས་སྟངས་དང་རྒྱ་ནག་གཞུང་གིས་དམ་དྲག
ཕྱི་ལོ་ ༢༠༠༩ ལོ་ནས་བོད་ནང་བོད་མིའི་རང་སྲེག་ངོ་རྒོལ་གྱི་ལས་འགུལ་འདི་ཐོན་ཡོད་པ་དང་། ལས་འགུལ་འདི་ཐོན་པའི་རྒྱབ་ལྗོངས་ནི་བོད་ནང་གི་དམ་དྲག་གི་དངོས་ཡོད་གནས་སྟངས་ལ་འབྲེལ་བ་ཟབ་མོ་ཆགས་ཡོད། ཉེ་ཆར་ཕྱི་ཟླ་ ༧ ཚེས་ ༣ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲེང་དང་། ཁྲིམས་ལུགས་ཚོགས་ཆུང་གི་དྲུང་ཆེ་ལིའུ་ཅང་སོགས་ཀྱིས་ལྷ་ས་དང་གཞིས་ཀ་རྩེ་སོགས་ཀྱི་ས་གནས་ཉེན་རྟོག་ལས་ཁུངས་དང་། བརྟན་ལྷིང་བཀོད་འདོམས་ལས་ཁུངས་བཅས་ལ་རྟོག་ཞིབ་བྱས་ཏེ། བརྟན་ལྷིང་སྲུང་སྐྱོང་གི་བྱ་གཞག་དེ་ཨང་དང་པོར་བཟུང་ནས་འཕྲུལ་རིག་དང་ཆ་འཕྲིན་དྲ་ལམ་བརྒྱུད་སྤྱི་ཚོགས་ལ་དོ་དམ་ཤུགས་ཆེ་རུ་གཏོང་དགོས་པའི་ནན་བཤད་བྱས་འདུག
ལྷག་པར་དུ་ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་རྒྱ་ནག་རྒྱལ་ཡོངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཟེར་བ་དངོས་སུ་ལག་བསྟར་བྱས་ཏེ། རྒྱ་ཡིག་རྒྱ་སྐད་གཙོ་བོར་སྦྱོང་དགོས་པའི་བཙན་ཤེད་ཀྱི་སྲིད་ཇུས་ཤུགས་ཆེ་རུ་བཏང་བ་མ་ཟད། དགོན་པ་ཁག་ནང་མུ་མཐུད་འདུ་ཤེས་གསུམ་ཟེར་བ་སོགས་ཀྱི་སློབ་སྦྱོང་དགོས་པ་བརྗོད་འདུག་ལ། ལྷོ་ཁ་མཚོ་སྨད་རྫོང་ནང་མཚོན་ན། ཉེན་རྟོག་མི་སྣ་མང་ཚོགས་ཁྲོད་སྐྱོད་ནས་ཆབ་སྲིད་སློབ་གསོ་དང་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཀྱི་དྲིལ་བསྒྲགས་བྱེད་བཞིན་ཡོད་འདུག
བོད་ནང་གི་བོད་མིས་བརྗོད་པར། ལོ་ལྟར་༧གོང་ས་མཆོག་གི་འཁྲུངས་ལྷ་དབྱར་གསོལ་གོང་འདིར་ལས་ཁུངས་ཁག་ནང་བརྡ་ཁྱབ་བཏང་སྟེ་ཆོས་ཕྱོགས་དང་མང་ཚོགས་ཀྱི་འདུ་འཛོམས་མང་སར་སྐྱོད་མི་ཆོག་པ་དང་། མང་ཚོགས་དཀྱུས་མའི་ཁྲོད་ལ་ཡང་དམ་དྲག་ཆེ་བ་བྱེད་ཀྱི་ཡོད་པས། འདི་ལོ་ཡང་གཅིག་མཚུངས་ཡིན་པ་བརྗོད་ཀྱི་འདུག
བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བའི་དོན་རྐྱེན་འདིས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་དང་། རང་གི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་བྱེད་དགོས་པའི་གལ་ཆེའི་རང་བཞིན། ནང་ཁུལ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པའི་འབོད་སྒྲ་བཅས་སླར་ཡང་ཤུགས་ཆེ་རུ་ཕྱིན་ཡོད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་དོན་ཐོག་དོ་སྣང་དང་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པར་ངོས་འཛིན་བྱེད་བཞིན་ཡོད་འདུག།
