ཆོས་དཔོན་ཊུ་ཊུའི་ཐེབས་རྩའི་འགན་འཛིན་གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོའི་མཇལ་ཁ་ཞུས་པ།

༧གོང་ས་མཆོག་དགུང་གྲངས་ ༩༠ བཞེས་པའི་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་བཞིན་པའི་སྐབས་འདིར། བཞུགས་སྒར་དུ་བཅར་རྒྱུ་བྱུང་བ་ནི་དོན་དང་ལྡན་པ་ཞིག་བྱུང་ཞེས་གསུངས་པ།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཧ་ཅང་ཐུགས་ཉེ་ཞིང་། དེ་སྔ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྷོ་ཨཧྥ་རི་ཀའི་ཡེ་ཤུའི་ཆོས་དཔོན་ཌེསི་མོནཌི་ཊུ་ཊུ་ (Desmond Tutu) མཆོག་གི་ཐེབས་རྩ་ Desmond & Leah Tutu Legacy Foundation ཡི་སྤྱི་ཁྱབ་འགན་འཛིན་འཇེ་ནེཊི་འཇོབ་སན་ (Janet Jobson) ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་རེད།

ཇེ་ནེཌ་ཇོབ་སོན་ལགས་ཀྱིས། “དེ་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་ཐོབ་པར་ཧ་ཅང་སྐལ་བ་བཟང་པོ་བྱུང་། ཆོས་དཔོན་ཊུ་ཊུ་མཆོག་དང་༧གོང་ས་མཆོག་གཉིས་ཀྱི་དབར་འགྲོ་བ་མིའི་རིན་ཐང་བྱམས་སྙིང་རྗེ་སོགས་ཀྱི་གལ་གནད་ཐད་ཐུན་མོང་གི་དགོངས་གཞི་རླབས་ཆེན་ཡོད་པས། ཐེངས་འདིར་༧གོང་ས་མཆོག་དགུང་གྲངས་ ༩༠ བཞེས་པའི་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་བཞིན་པའི་སྐབས་འདིར། བཞུགས་སྒར་དུ་བཅར་རྒྱུ་བྱུང་བ་དེ་དོན་དང་ལྡན་པ་ཞིག་བྱུང་ལ། མཇལ་ཁ་འདིའི་བརྒྱུད་ང་ཚོའི་ཐེབས་རྩའི་ངོས་ནས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཆོས་དཔོན་ཌེསི་མོནཌི་ཊུ་ཊུ་ (Desmond Tutu) དབར་གྱི་དམིགས་བསལ་འབྲེལ་བ་དེ་བཞིན། མུ་མཐུད་གོང་སྤེལ་གཏོང་རྒྱུ་བྱུང་བ་དེ་ནི་དོན་འབྲས་སྨིན་པ་ཞིག་བྱུང་། ༧གོང་ས་མཆོག་དང་ཊུ་ཊུ་རྣམ་པ་གཉིས་དབར་མཛའ་བརྩེ་ཟབ་མོ་ཡོད་པ་དང་། ཊུ་ཊུ་སྐུ་མ་གཤེགས་གོང་། ཁོང་རྣམ་གཉིས་དབར་མཇལ་འཕྲད་ཀྱི་གོ་སྐབས་མང་པོ་བྱུང་ཡོད་པ་རེད། ཊུཊུ་མཆོག་དྷ་རམ་ས་ལར་ཡུན་རིང་བཞུགས་མྱོང་ཡོད། ཁོང་རྣམ་གཉིས་ཀྱིས་ལྗགས་རྩོམ་མཛད་པའི་ (The Book of Joy) ཞེས་པ་དེ་ནི་འཛམ་གླིང་ལ་ཕུལ་བའི་ལེགས་སྐྱེས་ཟབ་མོ་ཞིག་རེད། མི་མང་པོས་ཁོང་རྣམ་གཉིས་དབར་གྱི་ཕན་ཚུན་གུས་བརྩི་དང་། དགའ་ཞེན། ཐུགས་སྨོན་ཆེན་པོ་ཡོད་པ་ཚོར་གྱི་ཡོད།” ཅེས་གསུངས་བྱུང་།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཡེ་ཤུའི་ཆོས་དཔོན་ཌེསི་མོནཌི་ཊུ་ཊུ་ (Desmond Tutu) རྣམ་གཉིས་དབར་ཡུན་རིང་ནས་ཐུགས་འདྲིས་ཟབ་མོ་ཡོད་པ་དང་། ཊུ་ཊུ་མཆོག་སྐུ་མ་གཤེགས་གོང་༧གོང་ས་མཆོག་དང་ལྷན་འདུ་འཛོམས་འདྲ་མིན་ཐོག་མཇལ་འཕྲད་གནང་ཡོད་པ་མ་ཟད། ཆོས་ཕྱོགས་ཀྱི་དབུ་ཁྲིད་ཁོང་རྣམ་གཉིས་ཀྱིས་ (The Book of Joy) བདེ་སྐྱིད་ཀྱི་ཕྱག་དེབ་ཅེས་དེང་དུས་རྩོད་རྙོག་ཅན་གྱི་གོ་ལ་འདིར་བདེ་སྐྱིད་ཇི་ལྟར་འཚོལ་བའི་ལོ་རྒྱུས་རང་བཞིན་ལྡན་པའི་ཕྱག་དེབ་ཅིག་ལྗགས་རྩོམ་མཛད་ཡོད་པ་རེད་ལ། ཌེསི་མོནཌི་ཊུ་ཊུ་མཆོག་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྣམ་གཉིས་ཀྱིས་ (The Book of Joy) བདེ་སྐྱིད་ཀྱི་ཕྱག་དེབ་ལྗགས་རྩོམ་ཞུ་ཕྱིར་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་བགྲོ་གླེང་རིམ་པར་མཛད་ཡོད་ཅིང་། རྡ་སྟེང་བོད་ཁྱིམ་དུ་འཛམ་གླིང་ཞི་བདེའི་དེད་དཔོན་རྣམ་གཉིས་ཀྱི་དབར་བགྲོ་གླེང་དང་དགྱེས་འཛོམས་མཛད་པ་འདི་འཛམ་གླིང་ཡོངས་ཀྱིས་དགའ་མོས་ཆེན་པོ་ཞུས་པའི་མཛད་འཕྲིན་ཞིག་ཏུའང་གྱུར་ཡོད་པ་རེད།།

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།