ཐུབ་གསུང་དར་རྒྱས་གླིང་ནང་ཆོས་སློབ་གཉེར་ཁང་དབུ་འབྱེད།


2017.04.06
༧གོང་ས་མཆོག་གིས་དི་རང་ས་གནས་སུ་ནང་ཆོས་སློབ་གཉེར་ཁང་ཞིག་དབུ་འབྱེད་དང་རབ་གནས་གནང་སྐབས། ༢༠༡༧།༤།༦ ༧གོང་ས་མཆོག་གིས་དི་རང་ས་གནས་སུ་ནང་ཆོས་སློབ་གཉེར་ཁང་ཞིག་དབུ་འབྱེད་དང་རབ་གནས་གནང་སྐབས། ༢༠༡༧།༤།༦
tibet.net

དི་རང་ས་གནས་སུ་ལེགས་གྲུབ་ཟིན་པའི་ནང་ཆོས་སློབ་གཉེར་ཁང་ཞིག་དབུ་འབྱེད་དང་རབ་གནས་མཛད་འདུག
ཕྱི་ཟླ་ ༤ ཚེས་༦ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་བྱང་ཤར་ཨ་རུ་ཎ་ཅལ་མངའ་སྡེའི་དི་རང་ས་གནས་སུ་ཐུབ་གསུང་དར་རྒྱས་གླིང་ནང་ཆོས་སློབ་གཉེར་ཁང་དབུ་འབྱེད་བཀྲིན་ཆེ་གནང་མཛད་འདུག སློབ་གཉེར་ཁང་གི་དབུ་འབྱེད་མཛད་སྒོའི་སྐབས་རྒྱ་གར་དབུས་ནང་སྲིད་བློན་ཆེན་གཞོན་པ་ཀི་རན་རི་ཇི་ཇུ་མཆོག་དང་མངའ་སྡེའི་སྲིད་སྐྱོང་། དེ་བཞིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་གྲོས་ཚོགས་ཀྱི་ཚོགས་གཙོ་སོགས་ཆེད་བཅར་གྱིས་བཀའ་སློབ་གསུང་བཤད་གནང་ཡོད་པ། ཐུབ་གསུང་དར་རྒྱས་གླིང་གསར་བཙུགས་གནང་མཁན་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་སྐུ་ཞབས་ཐུབ་བསྟན་ཡར་འཕེལ་རིན་པོ་ཆེ་མཆོག་གིས་འདི་ག་རླུང་འཕྲིན་ཁང་དུ་འགྲེལ་བརྗོད་གནང་ཡོད་པ་རེད།
སྐབས་དེར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མང་ཚོགས་སྐྱ་བོའི་སྤྱི་ཚོགས་ཀྱི་ཁྲོད་ནས་ནང་ཆོས་རིག་ལམ་ལ་སློབ་གཉེར་གནང་མཁན་རྒན་གྲས་ཁག་གཅིག་གིས་རིག་ལམ་རྩོད་པ་གཟིགས་འབུལ་ཞུས་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐུགས་དགྱེས་ཚོར་ཆེན་པོ་བྱུང་བ་གསར་འགོད་པ་ཚོར་བཀའ་གནང་འདུག
དབུ་འབྱེད་ཀྱི་མཛད་སྒོ་གྲུབ་རྗེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་དང་། སྤྱན་རས་གཟིགས་བླ་མའི་རྣལ་འབྱོར། བློ་སྦྱོང་ཚིག་བརྒྱད་མ་བཅས་ཀྱི་སྒོ་ནས་ཆོས་འབྲེལ་གསུང་ཆོས་གནང་འདུག་ཅིང་། ཆིབས་བསྒྱུར་མཛད་འཆར་གོ་སྒྲིག་ཞུ་མཁན་དང་སློབ་གཉེར་ཁང་གསར་འཛུགས་གནང་མཁན་དགའ་ལྡན་བྱང་རྩེ་གྲ་ཚང་གི་སྐུ་ཞབས་ཐུབ་བསྟན་ཡར་འཕེལ་རིན་པོ་ཆེ་ཡིས་གསུངས་ན། ཨ་རུ་ཎ་ཅལ་ས་ཁུལ་ཙམ་མ་ཡིན་པར་འབྲུག་ཡུལ་སོགས་ནས་དད་ལྡན་ཆོས་ཞུ་བ་མི་མང་ཁྲི་གསུམ་མ་ཟིན་ཙམ་བཅར་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རུ་ཎ་ཅལ་མངའ་སྡེའི་ནང་ཆིབས་བསྒྱུར་བསྐྱངས་པ་དེར་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་མ་Hua Chunying གིས་སྐྱོན་འཛུགས་དང་འབྲེལ་རྒྱ་ནག་གིས་རྒྱ་གར་ལ་གཞུང་འབྲེལ་བརྒྱུད་སྐྱོན་བརྗོད་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་ནའང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ཚེས་ ༦ ཉིན་གསར་འགོད་པ་ཚོར།  ཨ་རུ་ནཱ་ཅཱལ་ཁུལ་གྱི་ཆིབས་བསྒྱུར་འདི་ནི་ཆོས་ཕྱོགས་ཁོ་ན་ཡིན་པ་བཀའ་གནང་འདུག
ཁ་སང་ཐུབ་གསུང་དར་རྒྱས་གླིང་དབུ་འབྱེད་མཛད་སྒོའི་ཐོག་༧གོང་ས་མཆོག་དང་ལྷན་བཅར་ཞུས་པའི་ཨ་རུ་ཎ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས། རྒྱ་གར་གྱིས་ག་རེ་བྱ་དགོས་མིན་ཐད་བཀོད་པ་བཤད་ཡག་གི་བྱུས་གཏོགས་རྒྱ་ནག་ལ་ཡོད་མ་རེད་ཅེས་གསུངས་པའི་གནས་ཚུལ་PTI གསར་ལས་ཁང་གིས་བཏོན་གནང་འདུག
རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གིས། ༧གོང་ས་མཆོག་གི་ཆིབས་བསྒྱུར་དེས་རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་བར་གནོད་སྐྱོན་ཐེབས་རྒྱུའི་ཉེན་བརྡ་རིམ་པ་བཏང་ཡོད་རུང་རྒྱ་གར་གཞུང་གིས། རྒྱ་ནག་གི་ཕྱོགས་ནས་རྒྱ་གར་གྱི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པའི་བརྡ་ལན་གནང་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ད་རེས་ཨ་རུ་ཎ་ཅལ་མངའ་སྡེའི་ནང་ཆིབས་བསྒྱུར་གནང་བ་ཐེངས་བདུན་པ་དེ་རེད་འདུག།

གསར་འགོད་པ་རིག་ལྡན་སྒྲོལ་མ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎