བོད་རྒྱ་འབྲེལ་མོལ་དགོས་པ་བརྗོད་ཀྱང་མཇུག་སྐྱོང་གི་ལས་དོན་གསར་པ་བཀོད་སྒྲིག་གནང་མི་འདུག

ཕྱི་སྲིད་ལས་ཁུངས་ཀྱིས་ཨ་རིས་མུ་མཐུད་དུ་བློ་མཐུན་གྱི་རྒྱལ་ཁབ་དང་ཚོགས་པ་ཁག་དང་མཉམ་ལས་ཐོག་ནས་བོད་ནང་དང་རྒྱ་ནག་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་སློང་བྱ་རྒྱུ་ཡིན་ཞེས་གསུངས་འདུག

ཨ་མི་རི་ཀས་རྒྱ་ནག་ལ་བོད་ཀྱི་སྐུ་ཚབ་དང་ཐད་ཀར་གྲོས་མོལ་སླར་གསོ་བྱེད་དགོས་པའི་རེ་སྐུལ་བསྐྱར་ནན་གནང་སྟེ་རྒྱ་ནག་གཞུང་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ཁོང་གི་སྐུ་ཚབ། དེ་བཞིན་དམངས་གཙོའི་ལམ་ནས་འདེམས་ཐོན་བྱུང་བའི་བོད་མིའི་དབུ་ཁྲིད་ཚོ་དང་མཉམ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་མི་མཐུན་པའི་གནད་དོན་རྣམས་སེལ་ཐབས་བྱ་དགོས་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་གསལ་བཤད་གནང་པའི་ནང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་གསུངས་འདུག

འོན་ཀྱང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་གཞུང་དང་བོད་མིའི་སྐུ་ཚབ་བར་གྲོས་མོལ་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བའི་གནད་དོན་ཐོག་ཉེ་བའི་ཆར་དམིགས་བསལ་གྲོས་བསྡུར་བྱུང་མིན་ཐད་ཞིབ་ཕྲ་ལན་འདེབས་གནང་མ་བྱུང་།

ད་རེས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལན་འདེབས་གནང་པ་འདི་བཞིན་ཕྱི་ཟླ་ ༧ པའི་ཚེས་ ༢ ཉིན་ནིའུ་ཡོག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཉེ་འགྲམ་དུ་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་གྱུར་རྗེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་དོན་ཐོག་དོ་སྣང་སླར་ཡང་བྱུང་མིན་གྱི་ཐད་བཀའ་འདྲི་ཞུས་པར་ལན་འདེབས་གནང་བ་ཞིག་རེད།

ཨེ་ཤེ་ཡ་རངདབང་རླུང་འཕྲིན་ཁང་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ལ་ཉེ་ཆར་རྒྱ་ནག་གཞུང་དང་ཕྱི་འབྲེལ་གྱི་འབྲེལ་ལམ་ནང་བོད་དོན་ཐད་གྲོས་བསྡུར་བྱས་ཡོད་མེད་དང་། ཝ་ཤིང་ཊོན་གྱིས་བསྐྱར་དུ་གྲོས་མོལ་བྱེད་པར་སྐུལ་འདེད་གཏོང་བའི་ཐབས་ཤེས་གང་བཏོན་ཡོད་མེད། དེ་བཞིན་ཨ་མི་རི་ཀས་པེ་ཅིང་དང་བོད་ཀྱི་སྐུ་ཚབ་བར་གྲོས་མོལ་སླར་གསོ་བྱེད་པའི་གོ་སྐབས་དངོས་ཡོད་གཟིགས་ཀྱི་ཡོད་དམ་ཞེས་དྲིས་པར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་དམིགས་བསལ་ཕྱི་སྲིད་ཀྱི་འབྲེལ་ལམ་གྱི་མཇུག་སྐྱོང་གནང་ཡོད་མེད་གསལ་བཤད་གང་ཡང་གནང་མེད་ཀྱང་། ཨ་རིའི་གཞུང་གྱིས་རྒྱ་ནག་དང་བོད་ཀྱི་སྐུ་ཚབ་བར་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་ཡུན་རིང་བྱས་པ་དེ་བསྐྱར་དུ་ནན་བརྗོད་གནང་པ་ཞིག་ཆགས་ཡོད་པ་རེད།

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་བོད་རྒྱལ་འབྲེལ་མོལ་བསྐྱར་གསོ་བྱེད་དགོས་སྐོར་གསུངས་པ།
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་རྒྱལ་འབྲེལ་མོལ་ལ་སྐུལ་འདེད་བྱས་པ། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་བོད་རྒྱལ་འབྲེལ་མོལ་བསྐྱར་གསོ་བྱེད་དགོས་སྐོར་གསུངས་པ། (Reuters)

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཡིག་ཐོག་ལན་འདེབས་གནང་པའི་ནང་མུ་མཐུད། ཨ་རིས་བོད་མིའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། སྐད་ཡིག ཆོས་ལུགས་བཅས་ལ་ཐེ་གཏོགས་བྱེད་རྒྱུར་འཇིགས་སྣང་མེད་པའི་ཐོག་ནས་གཅེས་འཛིན་བྱེད་རྒྱུར་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་བྱེད་བཞིན་ཡོད་ཅེས་གསུངས་པ་མ་ཟད་། ཨ་རིས་རྒྱ་ནག་གཞུང་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ཁོང་གི་སྐུ་ཚབ། དེ་བཞིན་དམངས་གཙོའི་ལམ་ནས་འདེམས་ཐོན་བྱུང་བའི་བོད་མིའི་དབུ་ཁྲིད་ཚོ་དང་མཉམ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཐད་ཀར་གྲོས་མོལ་བསྐྱར་གསོ་བྱེད་དགོས་པ་དང་མི་མཐུན་པའི་གནད་དོན་རྣམས་ཐག་གཅོད་བྱས་ཏེ་བོད་མི་ཚོར་དོན་སྙིང་ལྡན་པའི་རང་སྐྱོང་མངོན་འགྱུར་བྱེད་དགོས་པ་རེད་ཅེས་གསུངས་ཡོད།

ཕྱི་སྲིད་ལས་ཁུངས་ཀྱིས་ད་དུང་ཨ་རིས་མུ་མཐུད་དུ་བློ་མཐུན་གྱི་རྒྱལ་ཁབ་དང་ཚོགས་པ་ཁག་དང་མཉམ་ལས་ཐོག་ནས་བོད་ནང་དང་རྒྱ་ནག་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་སློང་བྱ་རྒྱུ་ཡིན་ཞེས་གསུངས་འདུག

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་བོད་དོན་གླེང་པར་རྒྱ་ནག་གི་མགྲིན་ཚབ་པས་བོད་དོན་ལ་ཐེ་ཇུས་བྱ་རྒྱུ་མཚམས་འཇོག་དགོས་པ་བརྗོད་འདུག
ཨ་རིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་རེ་སྐུལ་གནང་བ། ཨ་རིའི་ཕྱི་སྲིད་ལྷན་ཁང་། (REUTERS)

རྒྱ་ནག་གཞུང་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ཁོང་གི་སྐུ་ཚབ་དབར་ཕྱི་ལོ་ ༢༠༠༢ ནས་གྲོས་མོལ་ཐེངས་ ༩ དང་སྟབས་བདེ་ནང་ལུགས་ཀྱི་འབྲེལ་མོལ་ཐེངས་གཅིག་བཅས་བྱུང་ཡང་གྲོས་མོལ་གྱི་བརྒྱུད་རིམ་དེ་ཕྱི་ལོ་ ༢༠༡༠ ནས་བཟུང་ཆད་ཡོད་པ་རེད། འོན་ཀྱང་བོད་མིའི་སྐུ་ཚབ་ཀྱི་ངོས་ནས་མུ་མཐུད་གྲོས་མོལ་རྒྱུན་མཐུད་བྱེད་རྒྱུར་སྒོ་མོ་ཕྱེ་ཡོད་ཅེས་བརྗོད་ཡོད་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་ནག་དང་ཁ་བྲལ་གྱི་ལས་དོན་སྤེལ་གྱི་ཡོད་ཅེས་སྐྱོན་འཛུགས་ཀྱིས་གྲོས་མོལ་གྱི་རེ་འདུན་ལ་ངོས་ལེན་་བྱས་མེད་པ་རེད།།