རྡ་ས་ནས་ཀུ་རུཀ་ཤེ་ཏྲ་ས་ཚིགས་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བ།

ཀུ་རུཀ་ཤེ་ཏྲ་ས་ཚིགས་སུ་བདེན་པའི་རྒྱལ་ཁ་ཐོབ་པར་བོད་ལའང་དེ་བཞིན་འབྱུར་བར་དམིགས་ཏེ་རྡ་ས་ནས་ས་གནས་དེའི་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་སོང་།

བདེན་པའི་ས་ཚིགས་བར་གོམ་བགྲོད་གནང་པ།

ཀུ་རུཀ་ཤེ་ཏྲ་ས་ཚིགས་སུ་བདེན་པའི་རྒྱལ་ཁ་ཐོབ་པར་བོད་ལའང་དེ་བཞིན་འབྱུར་བར་དམིགས་ཏེ་རྡ་ས་ནས་ས་གནས་དེའི་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་སོང་།

གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་སྟེ། དབུས་གཙང་ཆོལ་ཁ་དང་། མདོ་སྟོད་ཆོལ་ཁ། མདོ་སྨད་ཆོལ་ཁ། བོད་ཀྱི་བུད་མེད་ལྷན་ཚོགས། རྒྱལ་སྤྱིའི་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་བཅས་ཐུན་མོང་གིས། རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་དེར་ངོ་རྒོལ་དང་ཕྱིར་བསྡུ་ཡོང་བའི་གནོན་ཤུགས་སྤྲོད་ཆེད། བཞུགས་སྒར་རྡ་ས་ནས་རྒྱ་གར་གྱི་ཧར་ཡ་ན་མངའ་སྡེའི་ནང་གི་ལོ་རྒྱུས་རང་བཞིན་ལྡན་པའི་ས་ཚིགས་ཏེ་ཀུ་རུཀ་ཤེ་ཏྲ་ (Kurukshetra) བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་སོང་།

དབུས་གཙང་ཆོལ་ཁའི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས། མ་ཧཱ་བྷ་རཏ་ཞེས་རྒྱ་གར་གྱི་ཧིན་དྷུའི་ལོ་རྒྱུས་སུ་གྲགས་པའི་བདེན་པ་དང་བདེན་པ་མིན་པའི་གནད་དོན་དང་འབྲེལ་བའི་རྒྱལ་སྲིད་ཀྱི་དམག་འཁྲུག་སྐབས་ Pandava སྤུན་ལྔ་པོས་བདེན་པ་མ་ཡིན་པའི་ཕྱོགས་སུ་འཐབ་སྟེ་བདེན་པའི་རྒྱལ་ཁ་ཐོབ་པ་ལྟར། དབུ་མའི་ལམ་གྱི་ཞི་བའི་ལས་འགུལ་དེའི་བརྒྱུད་བདེན་པའི་རྒྱལ་ཁ་ཐོབ་པར་མཚོན་ཆེད་དུ་ཀུ་རུཀ་ཤེ་ཏྲ་ (Kurukshetra) གྲོང་ཁྱེར་གྱི་ས་ཚིགས་དེར་ལས་འགུལ་མཇུལ་སྒྲིལ་གནང་གི་ཡོད་ཅེས་གསུངས་བྱུང་།

མི་རིགས་མཐུན་གྱི་ཁྲིམས་ལ་ངོ་རྒོལ།

དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཞོན་བསྟན་འཛིན་བཤེས་གཉེན་ལགས་ཀྱིས། ཉེ་ལམ་བོད་ནང་དགེ་རྒན་ཆེན་མོ་གནང་མྱོང་བ་དང་། བོད་ཀྱི་སློབ་གསོ་བ་དང་སྤྱི་ཚོགས་རིག་པའི་ཆེད་ལས་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་བཅར་འདྲ་ཞིག་གི་བརྒྱུད། ཟླ་བ་གསུམ་གྱི་ནང་ཚུན་དུ་རྒྱ་ནག་གཞུང་གིས་ཁྲིམས་ཡིག་དེའི་འོག བོད་པའི་ཕྲུ་གུ་གཅིག་གི་ངོ་བོ་རྩ་བརླག་གིས་རྒྱ་སྒྱུར་ཐུབ་ཚེ། མི་རིགས་ཤིག་ལ་མཚོན་ན་ཧ་ཅང་ཛ་དྲག་གི་གནས་ཚུལ་ཞིག་ཡིན་ཞེས་གསུངས་པ་བཞིན། ལས་འགུལ་དེའི་བརྒྱུད་ང་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་ཁྲིམས་ཡིག་དེ་མཚམས་འཇོག་དགོས་པ་ཞུ་རྒྱུ། དེ་བཞིན་རྒྱ་གར་མི་སེར་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ང་ཚོའི་ལས་འགུལ་ལ་དོ་སྣང་དང་རྒྱབ་སྐྱོར་གྱིས་ང་ཚོའི་ཚབ་ཞུས་ཏེ་རྒྱ་ནག་ལ་རེ་སྐུལ་གནང་རོགས་ཞུ་རྒྱུ་ཡིན་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

རྡ་ས་ནས་ཀུ་རུཀ་ཤེ་ཏྲ་ས་ཚིགས་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བ། ཀུ་རུཀ་ཤེ་ཏྲ་ས་ཚིགས་སུ་བདེན་པའི་རྒྱལ་ཁ་ཐོབ་པར་བོད་ལའང་བདེན་པའི་རྒྱལ་ཁ་ཐོབ་ཆེད་དུ་དམིགས་ཏེ་རྡ་ས་ནས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་བ།

དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ཀྱིས་ལས་འགུལ་དེའི་བརྒྱུད་རྒྱ་གར་གྱི་ས་གནས་ཆེ་ཆུང་འདྲ་མིན་ཁག་བརྒྱུད་གོམ་བགྲོད་གནང་སྐབས། དེའི་ནང་གི་དཔོན་རིགས་ཁག་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་གནང་རྒྱུ་ཡིན་པ་གསུང་གི་འདུག

ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་ཁྱོན་མི་གྲངས་ ༣༥ འདུག་པ་དང་། དེའི་ནང་ནས་དགུང་ལོ་མཐོ་ཤོས་ ༧༢ དང་ཆུང་ཤོས་ ༢༤ ཆགས་ཀྱི་ཡོད་འདུག ལས་འགུལ་དེ་བཞིན་ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་གྱི་སྔ་དྲོར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དབུ་འབྱེད་གནང་ཐོག མི་རིགས་མཐུན་སྒྲིལ་གྱི་ཁྲིམས་དེར་ཚོགས་སྒེར་ཚང་མས་རྒྱལ་སྤྱིའི་ཁྲོད་གོ་རྟོགས་ཀྱི་ལས་འགུལ་སྤེལ་དགོས་པ་ནན་བརྗོད་གནང་སོང་།།

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།