ཧོང་ཀོང་གི་བདེ་འཇགས་ཁྲིམས་གཞི་གཏན་འབེབས་བྱས་འདུག
ཧོང་ཀོང་གི་བདེ་འཇགས་ཁྲིམས་གཞི་དོན་ཚན་ ༢༣ དེ་བཞིན་ཧོང་ཀོང་གྲོས་ཚོགས་ཀྱིས་ ༢༠༢༣ ཟླ་ ༣ ཚེས་ ༡༩ ཉིན་བསྐོངས་པའི་དམིགས་བསལ་ཚོགས་འདུའི་ཐོག་འཐུས་མི་ ༨༩ སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་བྱས་འདུག་ཅིང་། ཁྲིམས་ཡིག་འདིའི་འོག་རྒྱལ་ཁབ་ཀྱི་སྲིད་དབང་ལ་ངོ་རྒོལ་བྱེད་མཁན་ཚོར་ཚེ་བཙོན་བར་གྱི་ཉེས་ཆད་འགེལ་སྲིད་པའི་ཆ་རྐྱེན་བཀོད་ཡོད་པར་བརྟེན། ཧོང་ཀོང་གི་གཞི་རིམ་མང་གཙོའི་ཁེ་དབང་དང་། འགྲོ་བ་མིའི་ཐོབ་ཐང་། སྨྲ་བརྗོད་དང་གསར་འགོད་རང་དབང་སོགས་ལ་དམ་དྲག་ཤུགས་ཆེ་འབྱུང་སྲིད་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད། ཁྲིམས་གཞི་འདི་ལྟ་བུ་བོད་ནང་མཚོན་ན་ལོ་ངོ་བཅུ་ཕྲག་མང་པོའི་རིང་ལག་བསྟར་གྱིས་བོད་མི་མང་པོར་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པ་དང་། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་དང་མཉམ་སྦྲེལ་བྱས་པ། རྒྱལ་ཁབ་ཁ་བྲལ་གཏོང་བའི་བྱ་སྤྱོད་ལ་འཇུག་པ་ཟེར་ནས་བཙོན་འཇུག་གི་ཉེས་ཆད་དང་སྲོག་ཐོག་གི་ཉེས་ཆད་བཅད་པ་སོགས་མང་པོ་བྱུང་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། སིཔེན་ནང་གནས་བཞུགས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།