བོད་དོན་རྒྱབ་སྐྱོར་ཆེད་མེ་ལྕེ་དམར་པོ་བརྒྱ་ཕྲག་སྤར་རྒྱུ་ཡིན་འདུག

ཕྱི་རྒྱལ་བ་བོད་དོན་རྒྱབ་སྐྱོར་བ་ཚོས་ཕྱི་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་བོད་དོན་རྒྱབ་སྐྱོར་གྱི་ཆེད་དུ་མེ་ལྕེ་དམར་པོ་བརྒྱ་ཕྲག་སྤར་རྒྱུ་ཡིན་འདུག

2008-07-22
Share

༄༅༎ཕྱི་རྒྱལ་བ་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོས་ཕྱི་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་པེ་ཅིང་དུ་ཨོ་ལིམ་པིག་རྩེད་འགྲན་འགོ་འཛུགས་པ་དང་དུས་མཚུངས་བོད་དོན་རྒྱབ་སྐྱོར་གྱི་ཆེད་དུ་ཨ་མི་རི་ཀ་དང་ཡོ་རོབ། ཨེ་ཤི་ཡ་མངའ་ཁུལ་ནང་གི་རི་བོའི་རྩེ་དང་ཁང་པ་ཐོག་རྩེགས་ཅན་གྱི་སྟེང་དུ་མེ་ལྕེ་དམར་པོ་བརྒྱ་ཕྲག་སྤར་རྒྱུ་ཡིན་ཞིང༌། དེ་ནི་རི་བོའི་སྟེང་དུ་ཡིད་གདུང་གི་མེ་ལྕེ་སྤར་བའི་ལས་འགུལ་ཐེངས་གཉིས་པའམ་མཐའ་མ་དེ་ཡིན་པ་དང་རྒྱལ་ཁབ་དེ་དག་གི་རི་བོའི་རྩེ་དང་ཁང་པ་ཐོག་རྩེགས་ཀྱི་སྟེང་དུ་མེ་ལྕེ་ལག་ཏུ་བཟུང་མཁན་དང་ལས་འགུལ་དེ་ཐོག་མའི་གོ་སྒྲིག་གནང་མཁན་ནི་ཨི་ཊ་ལི་བོད་དོན་རྒྱབ་སྐྱོར་བ་ ཨེལ་སྦར་ཊོ་ པེ་རུ་ཕོ་ དང་ ཕེ་ཏོ་རི་ཡ་ ཨར་ཀྲིསི་ཀྲི་ཀ་ ཨེན་ཀྲར་སེསེ་ ཡིན་པ་རེད།

ཁོང་གཉིས་ཀྱིས་གོ་སྒྲིག་གནང་བའི་ཡིད་གདུང་གི་མེ་ལྕེ་སྤར་བའི་ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་ཚོས་སོ་སོའི་སྡོད་ཡུལ་རྒྱལ་ཁབ་ནང་གི་རི་བོ་འམ་ཡང་ན་ཁང་པ་ཐོག་རྩེགས་ཅན་གྱི་སྟེང་དུ་ཕྱི་ཟླ་བརྒྱད་པའི་ཚེས་ ༨ གྱི་ས་གནས་སོ་སོའི་ཉིན་དགུང་གི་ཚོུད་༡ པོའི་ཐོག་གནམ་གཤིས་ཇི་ལྟར་སྟོན་ཡང་གཅིག་འགྱུར་གྱིས་མེ་ལྕེ་དམར་མོ་ལྷབ་ལྷབ་ཏུ་འབར་བའི་ལས་འགུལ་འཛམ་གླིང་ཡོངས་སུ་སྤེལ་ཏེ་དེའི་དམིགས་ཡུལ་ནི་རྒྱལ་སྤྱིའི་མི་དམངས་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་བོད་ཐོག་རྒྱབ་སྐྱོར་གྱི་རྣམ་པ་སྟོན་རྒྱུ་ཡིན་པ་རེད། མེ་ལྕེ་སྤར་བའི་ལས་འགུལ་དེའི་སྔ་ནུབ་ཕྱི་ཚེས་བདུན་ཉིན་ལ་འཛམ་གླིང་ཁྱོན་ཡོངས་ནང་བོད་མི་ཚོར་རྒྱབ་སྐྱོར་གྱི་ཆེད་དུ་མར་མེའི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་ཀྱང་སྤེལ་རྒྱུ་ཡིན་པ་དང་ལས་འགུལ་དེ་གཉིས་གོ་སྒྲིག་གནང་མཁན་གྱི་ངོས་ནས་ཕྱི་ཚེས་བརྒྱད་ཉིན་མོ་དེར་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་རྒྱུ་དེ་ནི་རྒྱ་ནག་ནང་ཨོ་ལིམ་པིག་རྩེད་འགྲན་འགོ་འབྱེད་བྱེད་པའི་ཉི་མོ་དང་སྟབས་བསྟུན་ནས་གཅིག་པོ་མ་ཡིན་པར་རྒྱ་ནག་ཕྱོགས་ནས་ཕྱི་ལོ་༢༠༠༨ ཕྱི་ཟླ་ ༨ པའི་ཚེས་ ༨ དུས་ཚོད་བཟང་པོར་ངོས་འཛིན་བྱེད་པ་དེ་ཉིན་དེར་དཀའ་སྡུག་མྱོང་བཞིན་པའི་བོད་མི་ཚོའི་ཆེད་དུ་ཡིད་གདུང་དྲག་པོའི་སྨྲེ་ངག་འདོན་རྒྱུ་ཆེད་དུ་ཡིན་པའི་རྒྱུ་མཚན་འགྲེལ་བརྗོད་གནང་གི་ཡོད་པ་རེད༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།