བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་ཞུ་མཁན་སྤྱི་འཐུས་༡༩སྤྱི་འཐུས་ལྷན་ཚོགས་ནང་མཉམ་ཞུགས་བྱ་རྒྱུར་གྲ་སྒྲིག་ཡིན་པའི་ལན་འདེབས།

2021.08.13
བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་ཞུ་མཁན་སྤྱི་འཐུས་༡༩སྤྱི་འཐུས་ལྷན་ཚོགས་ནང་མཉམ་ཞུགས་བྱ་རྒྱུར་གྲ་སྒྲིག་ཡིན་པའི་ལན་འདེབས། གཞུང་འབྲེལ་མིན་པའི་ཚོགས་པ་བཞིས་འབོད་སྐུལ་གསལ་བསྒྲགས་སྤེལ་བཞིན་པ། ཕྱི་ལོ་༢༠༢༡ཟླ་༨ཚེས༤།
བོད་ཀྱི་གཞོན་ནུ་ལྷན་ཚོགས།

ཉེ་ལམ་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་ཚོགས་གཙོ་བཞིས་ད་ལྟའི་སྤྱི་འཐུས་དམ་འབུལ་དང་འབྲེལ་བའི་རྩོད་རྙོག་དེར་ཁྲིམས་སྒྲིག་གི་འགྲེལ་བཤད་གལ་ཆེ་མིན་པར།  ནང་ཁུལ་འདུམ་སྒྲིག་གི་དམ་འབུལ་ལམ་ལུགས་གཉིས་བྱུང་བ་འདིའི་ཐོག་ནས་སྤྱི་འཐུས་ལྷན་ཚོགས་འཚོགས་ཐབས་དགོས་པའི་འབོད་སྐུལ་གྱི་གསལ་བསྒྲགས་སྤེལ་བ་དེར། བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་ཞུ་མཁན་དབུས་གཙང་སྤྱི་འཐུས་༩ དང་མདོ་སྨད་སྤྱི་འཐུས་༡༠ཡིས་ཕྱི་ཟླ་ ༨ ཚེས་ ༡༡ ཉིན་ཚོགས་པ་བཞིར་གསལ་བཤད་ཅེས་པའི་ཤོག་གྲངས་ལྔ་ཅན་གྱི་གསལ་བསྒྲགས་ཤིག་སྤེལ་འདུག་པ་འདིའི་ནང་། གོང་ཞུས་ཚོགས་པ་བཞིས་ཕྱོགས་གཉིས་འདུམ་འགྲིག་ཡོང་ཐབས་ལ་ནང་ཁུལ་ཞི་ལྷིང་གྲོས་མོལ་གྱི་ཐབས་ལམ་མི་བསྟེན་པར་གསལ་བསྒྲགས་སྤེལ་ཏེ་འུར་སྒྲོག་གནང་སྟངས་དང་། ནང་ཀུན་སློང་༸གོང་ས་མཆོག་གིས་གསོལ་བསྩལ་གནང་བའི་མང་གཙོའི་སྒྲིག་འཛུགས་འདི་ཉིད་གཏོར་འདོད་རེད་ཟེར་ན་དཀའ་ཡང་། ཕྱིའི་ཀུན་སྤྱོད་བཅའ་ཁྲིམས་རིན་པོ་ཆེ་དང་མང་གཙོའི་སྒྲིག་འཛུགས་འདི་ཉིད་གཏོར་བཤིག་ལ་རོགས་ཕན་གནང་གི་ཡོད་པར་ངོས་འཛིན་མི་བྱེད་ཐབས་མེད་ཡིན་པ་འཁོད་འདུག་པ་དང་། གལ་ཏེ་ཚོགས་པ་བཞིར་ཁྲིམས་སྒྲིག་གཞིར་བཟུང་སྤྱི་འཐུས་ལྷན་ཚོགས་ཚུགས་ཐབས་ཤིག་ཡོད་ན་མཉམ་ཞུགས་བྱ་རྒྱུར་གྲ་སྒྲིག་ཨང་གསར་ཡོད་པ་ལན་འདེབས་བྱས་འདུག

འདི་གའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་གོང་ཞུས་གཞུང་འབྲེལ་མིན་པའི་ཚོགས་པ་བཞིར་མདོ་སྨད་དང་དབུས་གཙང་སྤྱི་འཐུས་རྣམ་པའི་གསལ་བཤད་ཡིག་གེ་དེར་ལན་ཡོད་མེད་སྐོར་བཅར་འདྲི་ཡོང་ཐབས་ཞུས་ཀྱང་། ད་ལྟའི་ཆར་དང་ལེན་གནང་མེད་པ་མ་ཟད། མ་འོངས་པར་སྤྱི་འཐུས་ཚང་མས་ཡར་ལན་མ་བྱུང་བར་དུ། གསལ་བཤད་གང་ཡང་ཞུ་རྒྱུ་མིན་པ་ཚོགས་པ་བཞིའི་ཚོགས་གཙོ་རྣམ་པས་འགྲེལ་བརྗོད་གནང་ཡོད་པ་རེད།

ཡང་དེ་སྔོན་སྤྱི་ཟླ་༨པའི་ཚེས་༤ ཉིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བཞིའི་འབོད་སྐུལ་གྱི་གསལ་བསྒྲགས་གནང་བའི་སྐབས།  བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ཀྱིས། ད་ལྟའི་ཆར་ཁྲིམས་སྒྲིག་གི་ཐོག་ནས་སྤྱི་འཐུས་དམ་འབུལ་གྱི་དཀའ་རྙོག་སེལ་རྒྱུའི་གནས་སྟངས་དང་དུས་ཚོད་མེད་པ་འགྲེལ་བརྗོད་གནང་ཡོད་པ་རེད།

ཡང་མདོ་སྨད་དང་དབུས་གཙང་སྤྱི་འཐུས་རྣམ་པས་སྤེལ་བའི་གསལ་བསྒྲགས་དེའི་ནང་། ཚོགས་པ་བཞིས་ཁྲིམས་སྒྲིག་གི་འགྲེལ་བཤད་ལས་གལ་ཆེ་བ། བོད་མིའི་རྩ་དོན་འཐབ་རྩོད་ཀྱི་གཞི་རྩ་བོད་མིའི་མང་གཙོའི་གཞུང་འདི་བཞིན་བསྐྱར་གསོ་ཞེས་མང་གཙོའི་སྒྲིག་འཛུགས་སྲུང་སྐྱོབ་བྱེད་ཐབས་ལ་བཅའ་སྒྲིག་སྲུང་སྐྱོབ་ལས་ལྷག་ཅིག་ཡོད་མདོག་བསྟན་པ་ནི་མགོ་བཅད་དེ་ལུས་སྐྱོབ་དགོས་ཟེར་བ་ལྟར་ཡིན་པ། ཐེངས་འདིའི་རྩོད་རྙོག་ནང་ཁུལ་བཟོད་བསྲན་དང་། ཁོག་ཡངས། གཅིག་གི་གཅིག་ལ་བརྩི་བཀུར་མ་ཐུབ་པ་ཞིག་ལ་བརྩིས་པ་ནི། རྩ་བ་བོར་ནས་ཡལ་གར་འཇུས་པ་ཞིག་ཆགས་ཡོད་ཅེས་འཁོད་འདུག་དང་། ཡང་ཚོགས་པ་བཞིས་འབོད་སྐུལ་ནང་གསལ་ལྟར་ཕྱོགས་གཉིས་ཀས་ཕན་ཚུན་གྱི་དམ་འབུལ་ངོས་ལེན་ཐོག་ཚོགས་གཙོ་ཚོགས་གཞོན་འདེམས་པ་ཡིན་ན་ཚོགས་གཙོ་ཚོགས་གཞོན་གྱིས་དམ་འབུལ་སུ་ལ་ཞུ་དགོས་མིན་སྐོར་ལ་བསམ་ཞིབ་གནང་ཡོད་མེད་དང་། ཡོད་ཚེ་རྙོག་གྲ་གཉིས་པ་དང་གསུམ་པ་རིམ་བསྟུད་མི་འབྱུང་བར་གྲ་སྒྲིག་དང་གདེང་ཚོད་ཡོད་དམ་ཞེས་ཚོགས་པ་ཁག་བཞི་ལ་དྲི་བ་ཕུལ་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།

རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཨོ་རྒྱན་བསྟན་འཛིན།

དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དིང་རི་རྫོང་དུ་སླར་ཡང་ཕྱི་ཚེས་ ༡༣ ཉིན་ས་ཡོམ་འགུལ་ཚད་ ༥.༡ ཅན་ཞིག་བརྒྱབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎